འབྲུག་གིས་ ནད་ཡམས་ཀོ་བིཌ་-༡༩ འི་གདོང་ལེན་ནང་ ཡོངས་གྲགས་ཐོན་དོ་ཡོདཔ།

༉ འདས་པའི་ལོའི་ སྤྱི་ཟླ་༣ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་པའི་སྐབས་ འབྲུག་མི་ཚུ་གི་ འཕྲོད་བསྟེན་དང་ ཉེན་སྲུང་དེ་ གཙོ་རིམ་ཆེ་ཤོས་ཅིག་འབད་ནི་དེ་གིས་ དགོས་མཁོ་ཆེ་བའི་ ཉེན་སྲུང་གི་ཐབས་ལམ་ཚུ་ ག་དེ་དྲག་དྲག་ བཏོན་བཞིན་དུ་ཡོད་ཟེར་གསུངས་ཡི།

གསུང་བཤད་གནང་པའི་ ཉིནམ་ནངས་པ་ལས་ར་ མི་དབང་མཆོག་གིས་ ནད་ཡམས་ཀྱི་ གདོང་ལེན་འབད་མི་ ས་གནས་ཀྱི་དབང་འཛིན་དང་ གདོང་ཁར་ཐོན་ཏེ་ལཱ་འབད་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ནིའི་དོན་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ གཟིགས་སྐོར་གནང་ཡི།

ཉིནམ་དེ་ལུ་ར་ རྒྱལ་ཁབ་ཀྱི་ འཛུལ་སྒོ་ཚུ་ སྒོ་བསྡམ་དགོཔ་བྱུང་མི་དེ་ཡང་ ས་མཚམས་བདའ་སྟེ་ ནད་ཡམས་ཀྱི་གནད་དོན་ཚུ་ ཡར་འཕར་འགྱོ་ནི་དེ་གིས་ཨིན་པས།

རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ཐེངས་༢ འབད་དགོཔ་བྱུང་མི་དེ་གིས་ ཚོང་འབྲེལ་དང་ འཚོ་བའི་གནས་སྟངས་ལུ་ ཐོ་སྦོམ་སྦེ་ར་ རྐྱབ་ཡོདཔ་ལས་ ཐབས་ལམ་སྣ་ཚོགས་བཏོན་ཡི།

ནད་ཡམས་ཀོ་བིཌ་-༡༩ འགོ་དང་པ་ར་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༥ ལུ་ ཨེ་མི་རི་ཀ་ལས་ ལྟ་བཤལཔ་ཅིག་གིས་ ནང་འདྲེན་འབད་ཡོདཔ་ད་ སྐྱེས་ལོ་༧༦ ལང་མི་ ལྟ་བཤལཔ་དེ་ ཚ་རིམས་བཟུམ་མའི་ ནད་རྟགས་ཐོབ་ནི་དེ་གིས་ སྨན་བཅོས་ཚབས་ཆེན་འབད་དགོཔ་བྱུང་ཡོདཔ་ཨིན་པས།

དེ་བསྒང་ མི་དབང་མཆོག་ ཐུགས་ཚ་གྱང་བཞེས་ཏེ་ གསོ་བ་ལྷན་ཁག་ནང་ ནུབ་མོ་མནལ་མ་གཟིམ་པར་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་གཅིག་ཁར་ ལྟ་བཤལཔ་དེ་གི་ གནས་སྟངས་ལྟ་རྟོག་མཛད་གནང་པའི་མཐའ་མར་ ལེགས་ཤོམ་སྦེ་དྲག་སྟེ་ ཁོ་རའི་རྒྱལ་ཁབ་ནང་ ལོག་སོང་ཡི།

འཛམ་གླིང་རྒྱལ་ཁབ་ཚུ་གིས་ ནད་ཡམས་ཀྱི་གདོང་ལེན་ནང་ ལཱ་ཁག་རྐྱབ་པའི་ནམ་དུས་ལུ་ ཞིབ་འཆར་བཀོད་མི་ཚུ་གིས་ འབྲུག་ལུ་ མཐར་འཁྱོལ་ཅན་གྱི་ ཐབས་བྱུས་ཚུ་བཏོན་ཡོད་པའི་ ལེགས་བསྟོད་འབདཝ་ཨིན་མས།

འབྲུག་ལུ་ བང་ལ་དེཤ་གི་གཞུང་ཚབ་ ཨེ་ཀེ་ཨེམ་ ཤ་ཧི་དཱུལ་ ཀ་རིམ་གྱིས་ སླབ་མིའི་ནང་ འཛམ་གླིང་ནང་ ནད་ཡམས་མཐར་འཁྱོལ་ཅན་སྦེ་ ཞི་ཐབས་འབད་ཚུགས་མི་ རྒྱལ་ཁབ་དག་པ་ཅིག་ཡོད་མིའི་གྲས་ལས་ གཅིག་ འབྲུག་རྒྱལ་ཁབ་ཨིནམ་ད་ དེ་ཡང་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དཔེ་སྟོན་བཏུབ་པའི་ མཛད་བྱ་བཟང་པོ་ཚུ་ལུ་བརྟེན་ཨིན་ཟེར་ ཨིན་པས།

འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་སྐུ་ཚབ་ ཇི་རཱལཌི་ ཌ་ལི་གིས་ སླབ་མིའི་ནང་ མི་དབང་མཆོག་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ རྣམ་སྤྲུལ་ཨིན་ཟེར་ཨིན་པས།

དེ་ཡང་ མི་དབང་མཆོག་གིས་ འཕྲལ་ཁམས་གནང་མི་ བཀའ་ཤོག་ནང་ སྐྱབས་མགོན་ངག་དབང་རྣམ་རྒྱལ་གྱིས་ རྒྱལ་ཁབ་ཀྱི་ ཆབ་སྲིད་ཀྱི་ཕྱག་ལཱ་ འགོ་བཙུགས་གནངམ་ད་ ངེའི་ཕྱག་ལཱ་འདི་མཇུག་མ་བསྡུ་ཚུན་ གནམ་ཁ་ལས་གནམ་ལྕགས་འབབ་རུང་ འོག་ལས་ས་ཡོམ་རྐྱབ་རུང་ བར་ན་གནམ་ས་ཁ་འཐབ་རུང་ ཕྱག་ལཱ་འདི་ མཐར་ཕྱིནམ་སྦེ་ར་ མཛད་ནིའི་དམ་བཅའ་བཞེས་དོ་བཟུམ་ཟེར་ བཀོད་ཡོད་ནི་དེ་གིས་ཨིན་ཟེར་ ཨིན་པས།

འབྲུག་ལུ་ལཱ་འབད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ངོ་ཚབ་༣༡ ཡོད་མིའི་ཁ་ཐུག་ལས་ ང་གིས་ མི་དབང་མཆོག་གི་ འཁྲུངས་སྐར་དུས་ཆེན་ཐེངས་༤༡ ལུ་ བཀྲིས་བདེ་ལེགས་ཞུ་ནི་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *