འབྲུག་གི་ ཨམ་སྲུའི་ཀི་རི་ཀེཌ་སྡེ་ཚན།

འབྲུག་གི་ ཨམ་སྲུའི་ཀི་རི་ཀེཌ་སྡེ་ཚན་གྱིས་ ཀུ་ཝེཌ་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ འབྲུག་གི་ ཨམ་སྲུའི་ཀི་རི་ཀེཌ་སྡེ་ཚན་གྱིས་ ཀུ་ཝེཌ་གི་ ཨམ་སྲུའི་སྡེ་ཚན་ལས་ རཱན་༤༠ གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ ད་རེས་ནངས་པར་ ་ཡུ་ནའེ་ཊེཊ་ ཨ་རཔ་ ཨི་མི་རེཊསི་གི་ས་གནས་ ཌུ་བའེ་ལུ་སྦེ་ འགོ་འདྲེན་འཐབ་མི་ ཊི་༢༠ འཛམ་གླིང་ཀཔ་ ཨེ་ཤི་ཡཱན་མཐར་འཁྱོལ་གྱི་ རྩེད་འགྲན་དོན་ལུ་ཨིན་པས།

འབྲུག་གི་ ཨམ་སྲུ་སྡེ་ཚན་གྱིས་ ཊུསོ་དང་ གཡུག་བཀོག་ནི་ཚུ་ནང་ རྒྱལ་ཁ་ཐོབ་ཡོད་པའི་ཁར་ ཀི་རི་ཀེཌ་སྐོར་ཐེངས་༢༠ རྐྱབ་པའི་སྐབས་ ཨམ་སྲུ་སྡེ་ཚན་གྱིས་ རཱན་༡༡༤ རྒྱུག་འགྲན་འབད་ཡོདཔ་བཞིན་དུ་ ཝི་ཀེཌ་ཟེར་ བཱོལ་འཛེག་ཞིནམ་ལས་ ག་མནོ་སར་ བཀོག་བཏང་མི་ རྩེད་འགྲན་པ་༦ བྱང་ཕྱད་ཀྱིས་ བཏོན་བཏང་ནུག།

བྱང་ཕྱད་སྦེ་རྩེད་མི་ ཀུ་ཝེཊ་གི་ ཨམ་སྲུ་སྡེ་ཚན་གྱིས་ སྐོར་ཐེངས་༢༠ རྩེད་འགྲན་འབདཝ་ད་ རཱན་༧༤ ལས་བརྒལ་ ཐོབ་མ་ཚུགས་པའི་ཁར་ རྩེད་འགྲན་པ་༡༠ ག་ར་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ བཏོན་བཏང་ནུག།

འབྲུག་པའི་སྡེ་ཚན་གྱིས་ རཱན་༦༥ ཐོབ་པའི་སྐབས ཀུ་ཝེཌ་ཀྱིས་ རཱན་༣༦ ཐོབ་ཡོདཔ་ལས་ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ རྩེད་འགྲན་འབད་མིའི་ནང་ འབྲུག་གིས་ དྲག་ཤོས་ཅིག་སྦེ་ རྩེད་འགྲན་འབད་ནུག་ཟེར་ཨིན་པས།

འཛམ་གླིང་གི་ ཀི་རི་ཀེཌ་གནས་ཚད་ནང་ འབྲུག་གིས་ ཨང་༤༤ དང་ ཀུ་ཝེཌ་ཨམ་སྲུ་སྡེ་ཚན་ཚུ་ ཨང་༣༤ ནང་ལྷོད་ཡོདཔ་ཨིན་པས།

འབྲུག་གི་ ཀི་རི་ཀེཌ་གཙོ་འཛིན་ དམ་བར་ཨེས་གུ་རུང་གིས་ སླབ་མིའི་ནང་ འགོ་དང་པ་ རྩེད་འགྲན་འབདཝ་ཅིག་ར་ རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་ཚུགས་ནི་དེ་གིས་ རྟེན་འབྲེལ་བཟང་ཡི་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁ་དེ་ལུ་བརྟེན་ རྩེད་འགྲན་པ་ཚུ་ལུ་ སེམས་ཤུགས་དང་ ད་ལས་ཕར་ དྲག་ཤོས་ཅིག་སྦེ་ རྩེད་འགྲན་འབད་ཚུགས་པའི་ བློ་སྟོབས་ཐོབ་ཅི་ཟེར་ཨིན་པས།

ཀུ་ཝེཌ་དང་ རྩེད་འགྲན་འབད་བའི་སྐབས་ འབྲུག་གི་ ཨམ་སྲུ་རྩེད་འགྲན་པ་ཚུ་གིས་ རིག་རྩལ་དང་ ལྕོགས་གྲུབ་ཅན་སྦེ་ རྩེད་འགྲན་འབད་ཚུགས་རུང་ ད་ལས་ཕར་གྱི་ རྩེད་འགྲན་པ་ཚུ་ སྒྲིང་སྒྲི་ཡོདཔ་ལས་ དོ་འགྲན་འབད་དགོ་པའི་ འགན་འཁུར་སྦོམ་ཕོག་སྟེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ གཞན་མི་རྩེད་འགྲན་ནང་ ཡུ་ཨེ་ཨི་ཨམ་སྲུ་སྡེ་ཚན་གྱིས་ མ་ལ་ཤེ་ཡ་ཨམ་སྲུ་སྡེ་ཚན་ ཕམ་བཏང་ཡོདཔ་ད་ དེ་ཡང་ རཱན་༣༠ གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

འབྲུག་གིས་ ཀུ་ཝེཌ་ལས་ རྒྱལ་ཁ་ཐོབ་མི་དེ་ སྤྱི་ལོ་༢༠༠༧ ལས་འགོ་བཙུགས་ རྒྱལ་སྤྱི་ཀི་རི་ཀེཌ་འགྲན་བསྡུར་ཐེངས་༦ རྩེད་འགྲན་འབད་མི་ལས་ ཐེངས་༡ པ་ཨིན་པས།

འབྲུག་གི་ ཨམ་སྲུ་སྡེ་ཚན་གྱིས་ སྤྱི་ལོ་༢༠༠༩ ལུ་ ཨེ་ཤི་ཡཱན་ ཀི་རི་ཀེཌ་ཚོགས་སྡེའི་ནང་ འགོ་དང་པ་ འཛུལ་ཞུགས་འབད་དེ་ མ་ལ་ཤི་ཡ་ལུ་སྦེ་ ཊི་༢༠ གི་ རྒྱལ་རྟགས་རྩེད་འགྲན་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ ཌུ་བའེ་ལུ་སྦེ་ རྩེད་འགྲན་འགོ་བཙུགས་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ མཇུག་བསྡུ་ནི་ཨིནམ་ད་ རྩེད་འགྲན་ནང་ རྒྱལ་ཁབ་༦ གིས་ བཅའ་མར་གཏོགས་ཡོད་མི་ལས་ མ་ལ་ཤི་ཡ་དང་ ཡུ་ཨེ་ཨི་ ཀུ་ཝེཌ་ ཧོང་ཀཱོང་ དེ་ལས་ ནེ་པཱལ་ཚུ་ཨིནམ་ད་ ཁ་ཙ་ འབྲུག་གིས་ ནེ་པཱལ་གྱི་ ཨམ་སྲུ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *