འབྲུག་གི་ཨ་ལོའི་སྤྱི་ཚོགས་ལུ་ ལྡོག་ཕྱོགས་ཀྱིས་ རྒྱབ་སྐྱོར་མེདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་སྐོར་ལས་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ ཚོགས་ཁང་ནང་ སྙན་ཞུ་ཕུལ་མི་དང་འབྲེལ་ ཨ་ལོའི་སྤྱི་ཚོགས་དང་འབྲེལ་བའི་ གྲོས་འདེབས་ཁག་༦ ཕུལ་ཡོདཔ་ཨིན་རུང་ དེ་ལུ་ ལྡོག་ཕྱོགས་ཚོགས་པའི་ཧོངས་ལས་ ངོས་ལེན་ལེགས་ཤོམ་ཅིག་ མེདཔ་ཨིན་པས།
གྲོས་འདེབས་ཚུ་ཡང་ འབྲུག་གི་ཨ་ལོའི་སྤྱི་ཚོགས་དེ་ ད་ལྟོ་ག་ཨིནམ་སྦེ་ ལག་ལེན་འཐབ་དགོཔ་ད་ སྤྱི་ཚོགས་དེ་ ཤེས་ཡོན་གྱི་དོན་ལུ་རྐྱངམ་གཅིག་ལག་ལེན་འཐབ་ནི་ ཨ་ལོའི་སྤྱི་ཚོགས་ཀྱི་གྲོས་ཆོད་ཚུ་ ལས་སྡེ་ཁག་ཚུ་ལུ་ སྙན་ཞུ་ཕུལ་ནི་ སློབ་དཔོན་ཚུ་ལུ་ དམངས་གཙོའི་ཚོགས་ཕྲན་ འགོ་འདྲེན་འཐབ་ནིའི་དོན་ལུ་ སྦྱོར་བརྡར་བྱིན་ནི་ ཤེས་རིག་ལྷན་ཁག་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་བར་ན་ མཉམ་འབྲེལ་ཡར་རྒྱས་གཏང་ནི་ དེ་ལས་ མ་འོངས་པ་ལུ་ ཨ་ལོའི་སྤྱི་ཚོགས་ཀྱི་ ཕན་གནོད་སྐོར་ལས་ ཞིབ་འཚོལ་ལེགས་ཤོམ་ཅིག་ འབད་ནི་དེ་ཨིན་པས།
ཨིན་རུང་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་གྲོས་འདེབས་ཚུ་ ཁྲིམས་ལྡན་མེན་ཟེར་ ཤེས་རིག་བློན་པོ་ནོར་བུ་དབང་ཕྱུག་གིས་ ཞུ་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་འབད་བ་ཅིན་ ཨ་ལོའི་སྤྱི་ཚོགས་དེ་ རྒྱལ་ཁབ་གཞན་ཚུ་ནང་ ལེགས་ཤོམ་འགྱོ་བཏུབ་པས་ཟེར་མནོ་སྟེ་ རྒྱལ་ཁབ་ནང་ གཞི་བཙུགས་འབད་བ་ཅིན་ མ་འོངས་པ་ལུ་ དེ་ལུ་བརྟེན་ བྱ་སྟབས་མ་བདེཝ་འཐོན་ནིའི་ ཉེན་ཁ་ཡོདཔ་ལས་ དེ་ཚུའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་ཁག་ཆེ་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ གལ་སྲིད་ འབྲུག་གི་ཨ་ལོའི་སྤྱི་ཚོགས་དེ་ འཕྲོ་མཐུད་འབད་རུང་ རྒྱལ་ཡོངས་ཚོགས་འདུ་དང་ཚོགས་སྡེ་ནང་ ག་འབད་མི་དེ་ འབད་ནི་མེན་པར་ ལམ་ལུགས་བསྒྱུར་བཅོས་ཐོག་ལས་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ཐོག་ལུ་ གྲོས་བསྟུན་འབད་ནིའི་ ལམ་ལུགས་བཟོ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི།
འབྲུག་གི་ཨ་ལོའི་སྤྱི་ཚོགས་དེ་ ན་གཞོན་དང་འབྲེལ་བའི་གནོད་དོན་ཚུ་གི་ཐོག་ལུ་ གྲོས་བསྟུན་འབད་དེ་ དེའི་གྲོས་ཆོད་དེ་ འབྲེལ་ཡོད་ལས་སྡེ་ཚུ་ནང་ གཏང་ཐོག་ལས་ ཁོང་གི་དཀའ་ངལ་དེ་ གདོང་ལེན་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཨ་ལོའི་སྤྱི་ཚོགས་ནང་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་བཟུམ་སྦེ་ར་ ཚོགས་དཔོན་དང་ ཁྲི་འཛིན་ ཚོགས་དཔོན་འོགམ་ ཁྲི་འཛིན་འོགམ་ དེ་ལས་ འཐུས་མིའི་གྱངས་ཁ་ཡང་ འདྲན་འདྲ་ཡོདཔ་མ་ཚད་ གསུང་གྲོས་གནང་ཐངས་ཡང་ ཅོག་འཐདཔ་སྦེ་ར་ ཡོདཔ་ཨིན་པས།
གནད་དོན་དེའི་ཐོག་ལུ་ གསུང་གྲོས་གནང་པའི་སྐབས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་བར་ན་ གསུང་གྲོས་ཁག་དབྱེ་སྟེ་ སོང་ཡོདཔ་ཨིན་རུང་ བློན་པོ་ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ གྲོས་འདེབས་ཚུ་ སློབ་གྲྭའི་དབུ་འཛིན་ཚུ་དང་ བཙག་འཐུ་ལྷན་ཚོགས་ དེ་ལས་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་ཡོད་མི་ ཚོགས་ཆུང་ཅིག་བཟོ་ཐོག་ལས་ ཞིབ་འཚོལ་འབད་མི་དེ་ཨིན་ཟེར་ཞུ་ཡི།
བློན་པོ་གིས་འབད་བ་ཅིན་ ཚོགས་ཆུང་དེ་གིས་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ བསམ་འཆར་ཚུ་བསྡུ་སྒྲིག་འབད་མི་ལུ་བལྟ་བ་ཅིན་ འབྲུག་གི་ཨ་ལོའི་སྤྱི་ཚོགས་དེ་གིས་ གནོད་པ་མེན་པར་ ཕན་ཐོགས་འབྱུང་ནི་མས་ཟེར་ཞུ་ཡི།
སྤན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༡ པའི་དོན་ཚན་༢༤ པ་དང་འཁྲིལ་བ་ཅིན་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ གཞི་བཙུགས་འབད་ནིའི་ འགན་ཁུར་དེ་ བཙག་འཐུ་ལྷན་ཚོགས་མེན་ཟེར་ཨིནམ་ད་ མ་གཞི་ ལྷན་ཚོགས་ཀྱི་འགན་ཁུར་དེ་ མི་མང་ལུ་ བཙག་འཐུ་དང་འབྲེལ་བའི་ ཤེས་ཡོན་བྱིན་ནི་དེ་ཨིན་རུང་ ཨ་ལོའི་སྤྱི་ཚོགས་གཞི་བཙུགས་འབད་ཐོག་ལས་ ཤེས་ཡོན་བྱིན་ནི་དེ་མེན་ཟེར་ཨིནམ་ད་ དེ་ཡང་ ཤེས་ཡོན་བྱིན་ཐངས་ཚུ་ཡང་ ལམ་ལུགས་ནང་ ཁ་གསལ་སྦེ་ འཁོད་དེ་ཡོད་ཟེར་ཞུ་ཡི།
མཁར་གཡུ་རུང་གི་འཐུས་མི་ བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ འབྲུག་གི་ཨ་ལོའི་སྤྱི་ཚོགས་དེ་ སྲིད་དོན་ཅིག་ལུ་ འགྱུར་ནིའི་ཉེན་ཁ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལམ་ལུགས་དེ་ལུ་བརྟེན་ སློབ་དཔོན་དང་སློབ་ཕྲུག་ཚུ་ སྲིད་ཀྱི་དབང་ལུ་ཐལ་བཅུག་ནིའི་ ཉེན་ཁ་འདུག་ཟེར་ཞུ་ཡི།
འབྲུག་གི་ཨ་ལོའི་སྤྱི་ཚོགས་དེ་ སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་ཡོདཔ་ད་ འཐུས་མི་ཚུ་ཡང སློབ་གྲྭ་ཁག་ཚུ་ནང་ཡོད་པའི་ དམངས་གཙོའི་སྡེ་ཚན་གྱི་འཐུས་མི་ཚུ་ གདམ་འཐུ་འབད་ཐོག་ལས་ འཐུས་མི་སྦེ་ བཙག་འཐུ་གྲུབ་དོ་ཡོདཔ་ད་ ད་རེས་ སློབ་གྲྭ་༢༠༥ ནང་ དམངས་གཙོའི་སྡེ་ཚན་༢༠༥ ལུ་ འཐུས་མི་སློབ་ཕྲུག་༧,༡༩༣ ཡོདཔ་ཨིན་པས།
འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་སྐོར་ལས་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ཡང་ གསུང་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ ཨ་ལོའི་སྤྱི་ཚོགས་ ཁྲིམས་མཐུན་མེན་པའི་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *