༉ ཁ་ཙ་ འབྲུག་གི་ཨམ་སྲུ་སྡེ་ཚན་དེ་ ནེ་པཱལ་ཨམ་སྲུ་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཏེ་ ཕམ་བཏང་མི་ལུ་བརྟེན་ ལྷོ་ཨེ་ཤི་ཡཱན་ཕུཊ༌བཱོལ་ཚོགས་པའི་ རྒྱལ་རྟགས་ཀྱི་ འགྲན་བསྡུར་འབད་ནིའི་དོན་ལུ་ མཐར་འཁྱོལ་མ་ཚུགསཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༢ པའི་ཚེས་༣ ལུ་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ མུསི་ཏ་ཕ་ ཀ་མཱལ་ཕུཊ༌བཱོལ་རྩེད་ཐང་ནང་སྐྱེས་ལོ་༢༠ མན་ཆད་འབད་མི་ འབྲུག་གི་ཨམ་སྲུ་སྡེ་ཚན་དེ་ རྒྱ་གར་ཨམ་སྲུ་སྡེ་ཚན་དང་ རྩེད་འགྲན་འབདཝ་ད་ གཱོལ་༡༢ བཙུགས་ཏེ་ ཕམ་ཡོད་མི་དང་ རྩེད་འགྲན་༢ པའི་ནང་ ནེ་པཱལ་ཨམ་སྲུ་སྡེ་ཚན་གྱིས་ ཕམ་བཏང་ནུག།
མ་གཞི་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱི་ རྩེད་འགྲན་མཇུག་དེ་ བང་ལ་དེཤ་ཨམ་སྲུ་སྡེ་ཚན་དང་གཅིག་ཁར་ ནངས་པར་ རྩེད་འགྲན་འབད་ནི་དང་ གལ་སྲིད་ འབྲུག་གི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་རུང་ སྐྱེས་ལོ་༢༠ མན་ཆད་འབད་མི་ ལྷོ་ཨེ་ཤི་ཡཱན་ཨམ་སྲུའི་རྒྱལ་རྟགས་ཕུཊ་བཱོལ་འགྲན་བསྡུར་འབད་ནིའི་ གོ་སྐབས་མི་འཐོབ་ནི་ཨིན་པས།
གལ་སྲིད་ ད་རེས་ རྒྱལ་ཁབ་༤ གི་བར་ན་ རྩེད་འགྲན་འབད་མི་ལས་ རྒྱལ་ཁ་ཐོབ་རུང་ ད་རུང་ ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་གཞན་ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་ཚུ་དང་ དོ་འགྲན་འབད་དགོཔ་ཨིན་པས།
ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པ་གིས་ འགོ་འདྲེན་འཐབ་མི་ ཕུཊ་བཱོལ་འགྲན་བསྡུར་ནང་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་གི་གྲས་ལས་ རྒྱ་གར་དང་ བང་ལ་དེཤ་ ནེ་པཱལ་ དེ་ལས་ འབྲུག་འབདཝ་ད་ རྒྱལ་ཁབ་༤ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཤར་ཨེ་ཤི་ཡཱན་དང་ ནུབ་ཨེ་ཤི་ཡཱན་ བྱང་ཨེ་ཤི་ཡཱན་ དེ་ལས་ དབུས་ཕྱོགས་ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་ལས་ རྒྱལ་ཁབ་༣༠ ལྷགཔ་ཅིག་གིས་ ཨེ་ཤི་ཡཱན་ཕུཊ་བཱོལ་རྒྱལ་རྟགས་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འགོ་དང་པ་ རྩེད་འགྲན་འབད་མི་ རྒྱ་གར་ཨམ་སྲུ་སྡེ་ཚན་དང་ཕྱདཔ་ད་ ནེ་པཱལ་ཨམ་སྲུ་སྡེ་ཚན་དང་ དོ་འགྲན་འབད་མི་དེ་ ལེ་ཤ་ཅིག་གིས་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་ཡོདཔ་སྦེ་ ལས་རིམ་འགོ་འདྲེན་པ་ བང་ལ་དེཤ་ལས་ གསལ་བཤདཔ་ཅིག་གིས་ མི་སྡེ་བརྡ་བརྒྱུདཔ་ནང་ སླབ་ཨིན་པས།
དེ་བཟུམ་སྦེ་ རྩེད་འགྲན་འགོ་བཙུགས་ཏེ་ བར་མཚམས་མ་ལེན་པའི་ཧེ་མར་ ནེ་པཱལ་གྱིས་ གཱོལ་༢ དང་ བར་མཚམས་ཀྱི་ཤུལ་ལས་ གཱོལ་༢ བཙུགས་ཏེ་ ཕམ་བཏང་པའི་སྐབས་ འབྲུག་གི་སྡེ་ཚན་གྱིས་ གཱོལ་༡ ཡང་ བཙུགས་མ་ཚུགསཔ་ཨིན་པས།
ནངས་པ་ འབྲུག་པའི་ཨམ་སྲུ་སྡེ་ཚན་གྱི་ རྩེད་འགྲན་མཇུག་དེ་ བང་ལ་དེཤ་དང་གཅིག་ཁར་ འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།