གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ ཡི་གུ་འབྲི་སྲོལ་དང་ པར་བརྐོ་ལམ་སྲོལ་ཀི་དེབ་ཚུ་ འགོ་འབྱེད་གནང་པའི་བསྒང་།

འབྲུག་གི་སྔར་ཁྱུན་དང་ པར་སྐྲུན་ལམ་སྲོལ་ཉམས་ཉེན་གུ་ལྷོད་ཡོདཔ།

༉ འབྲུག་གི་སྔར་ཁྱུན་གྱི་བྱེ་བྲག་ རང་ལུགས་ཡིག་པར་དང་ པར་སྐྲུན་ལམ་སྲོལ་ཚུ་ ཡལ་ཉམས་གུ་ ལྷོད་ཡོད་མི་དེ་ཡང་ རྒྱལ་ཡོངས་དཔེ་མཛོད་དང་ གཏན་མཛོད་ཁང་མིག་ནང་ འགྲེམས་སྟོན་འབད་མི་ ཞིབ་འཚོལ་གྲུབ་འབྲས་ཚུ་ལས་ མངོན་གསལ་བྱུངམ་མས།

འགྲེམས་སྟོན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ འགོ་འབྱེད་གནང་ཡི།

འབྲུག་གི་སྔར་ཁྱུན་དང་ པར་སྐྲུན་ལམ་སྲོལ་དེ་གིས་ སྤྱིར་རྒྱལ་སྤྱིའི་རང་ལུགས་ཞིབ་འཚོལ་པའི་ མི་སྡེ་དང་ འབྲུག་པའི་ཞིབ་འཚོལ་པ་ ན་གཞོན་སློབ་ཕྲུག་ཚུ་ལུ་ འབྲུག་པའི་གནའ་བོའི་ལུགས་ཀྱི་ ཡི་གུའི་སྐོར་ལས་དང་ ཤོག་གུ་བཟོ་སྐྲུན་ པར་སྐྲུན་གྱི་ལམ་སྲོལ་ དེ་ལས་ རྒྱལ་བའི་གསུང་རབ་ཀྱི་སྐོར་ ཧ་གོ་ནི་དང་འབྲེལ་ ལག་རྩལ་ཚུ་ མི་ཉམས་གོང་འཕེལ་དང་ ཡར་རྒྱས་གཏང་ནིའི་དོན་ལུ་ སྤྲོ་བ་ལེན་ཐབས་དང་ ལག་ལེན་དངོས་བསྟར་གྱི་དོན་ལུ་ ཁེ་ཕན་ཡོད་ཟེར་ རྒྱལ་ཡོངས་དཔེ་མཛོད་དང་གཏན་མཛོད་ལས་སྡེའི་མདོ་ཆེན་ ཡོན་ཏན་དར་རྒྱས་ཀྱིས་ བཤདཔ་ཨིན་པས།

ཡིག་བཟོ་དང་ སྤར་བཟོ་ ཤོག་བཟོ་ཚུ་ བཟོ་རིགས་ཀྱི་གྲངས་སུ་ཚུད་རུང་ ད་རེས་ནངས་པར་ རྒྱལ་ཁབ་ཡར་རྒྱས་ཀྱི་ འགྱུར་བ་དང་བསྟུན་ བརྡ་དོན་འཕྲུལ་རིག་གོང་འཕེལ་དང་ དངོས་གཞི་ལཱ་གཡོག་འབད་སའི་ ཡིག་ཚང་ཚུ་ནང་ ཁྱད་རིག་གི་ གློག་རིག་དང་ པར་སྐྲུན་འཕྲུལ་རིག་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ རང་ལུགས་ཀྱི་ པར་སྐྲུན་ལམ་སྲོལ་འདི་ རིམ་གྱིས་ཉམས་འགྱོ་དོ་ཟེར་ མདོ་ཆེན་གྱིས་ བཤད་ཅི།

དཔེ་མཛོད་མདོ་ཆེན་གྱིས་འབད་བ་ཅིན་ ལག་རྩལ་དང་འབྲེལ་བའི་ ཁྱད་རིག་ཅན་གྱི་ ལག་ཤེསཔ་དང་ ཉམས་མྱོང་ཅན་གྱི་མི་ཚུ་ སྡོད་པའི་སྐབས་ ཞིབ་འཚོལ་མཐིལ་ཕྱིན་འབད་དེ་ ཡིག་ཐོག་ལུ་བཀོད་དེ་ མ་བཞག་པ་ཅིན་ ལོ་ངོ་བཅུ་ཕྲག་གི་རྒྱབ་ལས་ ལམ་སྲོལ་འདི་གི་སྐོར་ མིང་གནས་ཡོད་པའི་ ཚུལ་ཙམ་ཅིག་མ་གཏོགས་ དེ་གི་རྒྱབ་ཁུངས་སྐོར་ བཤད་ཚུགས་མི་ ལཱ་ཁག་འོང་ནི་ཨིནམ་ལས་ ད་ལྟོ་ལས་ དཔེ་གཟུགས་ལུ་ པར་སྐྲུན་འབད་ཞིནམ་ལས་ འབྲུག་མི་ཚུ་ལུ་ གོ་བརྡ་སྤེལ་དགོཔ་ཁག་ཆེ་ཟེར་ཨིན་པས།

རྒྱལ་ཁབ་ཀྱི་ སྔོན་བྱོན་རྒྱལ་བ་གོངམ་དང་ ས་སྐྱོང་མི་དབང་ཆོས་རྒྱལ་རིམ་བྱོན་ དེ་ལས་ ཕམ་ཚུ་གིས་ སྲོལ་གཏོད་བཞག་པའི་ ལམ་ལུགས་སྲོལ་བཟང་པོ་ལེ་ཤ་ཡོད་མི་ཚུ་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༩༠ དངོས་མེད་ལམ་སྲོལ་གྱི་གྲལ་ཁར་ ཁ་རྒྱུན་ རྣ་རྒྱུན་ ངག་རྒྱུན་གྱི་ཐོག་ལུ་ གནས་ཏེ་འདུག་ཟེར་ཨིན་པས།

དཔེ་འབད་བ་ཅིན་ ཆོས་ཕྱོགས་ལམ་སྲོལ་གྱི་རིགས་དང་ ཁ་སྐད་ སྲུང་སྣ་ རྩེདམོ་དང་ གར་འཆམ་གྱི་འབྱུང་ཁུངས་དང་ལེའུ་ གཡུས་སྒོ་སོ་སོའི་དུས་ཀྱི་ལཱ་གཡོག་དང་ རྣམ་རྟོག་ བཟོ་རིག་གི་རྒྱབ་ཁུངས་དང་བྱ་རིམ་ བཞེས་སྒོའི་རིགས་ སྨན་བཅོས་དང་ གྲངས་རྩིས་ཆ་མཉམ་ ངག་རྒྱུན་རིག་གཞུང་ཐོག་ལས་ ཕ་ལས་བུ་དང་ བུ་ལས་ཚ་ལུ་བརྒྱུད་དེ་ བརྒྱ་ཆ་༨༠ ཚུན་ཚོད་གནས་ཏེ་འདུག་ཟེར་ ཞིབ་འཚོལ་སྙན་ཞུ་ནང་བཀོད་དེ་འདུག།

ལོ་ངོ་༣ ཀྱི་ཞིབ་འཚོལ་ལས་འགུལ་དེ་ རྒྱལ་ཡོངས་དཔེ་མཛོད་དང་གཏན་མཛོད་འོག་གི་ ཞིབ་འཚོལ་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༨ ལས་ སྤྱི་༢༠༢༡ ཟླ་༦ པ་ཚུན་ རྒྱལ་ཁབ་ཀྱི་ རྫོང་གཞིས་ཁག་དང་ གཡུས་སྒོ་ དེ་ལས་ མི་རྒན་རྒས་ཚུ་དང་ གྲོས་བསྟུན་འབད་བའི་ཁར་ དབྱེ་དཔྱད་མཐིལ་ཕྱིན་འབད་བའི་ གྲུབ་འབྲས་ཚུ་ ད་རེས་ འགྲེམས་སྟོན་འབད་མིའི་ནང་ མཇལ་ཚུགས་ཟེར་ རྒྱལ་ཡོངས་དཔེ་མཛོད་དང་གཏན་མཛོད་ཀྱི་འགོ་དཔོན་ ཡེ་ཤེས་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།

འགྲེམས་སྟོན་དེ་ དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུ་ཆུ་ཚོད་༥ ཚུན་ ཡིག་ཚང་གི་ དུས་ཚོད་སྐབས་ སྤྲོ་འདོད་ཅན་དང་ འབྲུག་པའི་མི་སེར་ ན་གཞོན་སློབ་ཕྲུག་ དེ་ལས་ ཕྱི་ནང་གི་ ལྟ་བཤལཔ་ཚུ་གིས་ བལྟ་ཚུགས་ནི་ཨིན་པས།

འགྲེམས་སྟོན་ནང་ འབྲི་རྒྱུན་ཟེར་ མི་དབང་རིམ་བྱོན་གྱི་ ཕྱག་བྲིས་དང་ སྐྱབས་རྗེ་རྗེ་མཁན་རིམ་བྱོན་གྱི་ཕྱག་བྲིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཕྱག་བྲིས་ མི་དབང་རྒྱལ་ཡུམ་རྣམས་ཀྱི་ཕྱག་བྲིས་ དེ་ལས་ སྐད་ཡིག་གི་ཡིག་བཟོ་ ཡི་གུའི་རྒྱབ་ཁུངས་དང་ མཚན་ཉིད་ ཡི་གུ་འབྲི་བའི་སྐབས་བསམ་སྤྱོད་ འབྲི་ནིའི་མཁོ་ཆས་དང་ སྤྱོད་ཐངས་ ཤོག་བཟོ་ ཤིང་སྤར་བརྐོ་ དེ་ལས་ པར་སྐྲུན་གྱི་ ཅ་ཆས་ཚུ་ གསལ་སྟོན་འབད་དེ་འདུག།

དང་ཕུ་ཕ་མའི་སྐབས་ སྣག་རྩིའི་རྒྱབ་ཁུངས་དང་ སྣག་རྩིའི་རྒྱུ་ དབྱེ་བ་ སྣག་རྩི་བཟོ་ཐངས་ མཁོ་ཆས་ ཡི་གུ་འབྲི་ནིའི་སྨྱུ་གུའི་ལོ་རྒྱུས་ སྨྱུ་གུའི་རྒྱུ་ གཞན་ཡང་ ལཉྩ་དང་ དབུ་མེད་ཀྱི་ཡི་གུ་འབྲི་བའི་སྐབས་ སྨྱུ་གུའི་ཁ་བཟོ་ཐངས་ཚུ་ འགྲེམས་སྟོན་འབད་ནུག།

དེ་དང་འདྲཝ་སྦེ་ རྒྱལ་ཁབ་ནང་ ཤིང་སྤར་བརྐོ་སྲོལ་གྱི་ འབྱུང་རབས་དང་ ཤིང་སྤར་མཁོ་བསྒྲུབས་ཀྱི་ཐོ་ ཤིང་པར་གྱི་དབྱེ་བ་ སྤར་བརྐོ་ཐངས་ བཟོ་རྣམ་གྱི་དབྱེ་བ་ དང་ཕུའི་ཤིང་སྤར་ལས་འགུལ་གྱི་ ལོ་རྒྱུས་ཚུ་ཡང་ ཤེས་ཚུགས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ སླབ་མིའི་ནང་ ནོར་བུ་རང་གི་ལག་པར་ཡོད་པའི་སྐབས་ གྲུབ་འབྲས་ཅན་དང་ མཐར་འཁྱོལ་ཅན་ཅིག་སྦེ་ བསྟར་སྤྱོད་མ་འབད་བ་ཅིན་ མ་འོངས་པར་ རྒྱལ་ཁབ་དང་ ན་གཞོན་བུ་བརྒྱུད་ཚུ་གི་དོན་ལུ་ ཉེན་ཁ་ཅན་ཅིག་ འོང་ནི་མས་ཟེར་ཨིན་པས།

ད་རིས་ ལམ་སྲོལ་དང་ སྔོན་ཁྱུན་སྐོར་ མཁས་པ་ཚུ་གི་སྐབས་ གྲོས་བསྟུན་དང་ ཞིབ་འཚོལ་འབད་དེ་ སྙན་ཞུ་ཚུ་ བསྡུ་སྒྲིག་འབད་དགོཔ་བཞིན་དུ་ གལ་སྲིད་ ད་རིས་ འབད་མ་ཚུགས་པ་ཅིན་ ད་ལྟོ་ཡོད་མི་ མི་སེར་ཚུ་ ཚགས་ཁར་མ་ཚུད་པའི་ རྟགས་ཨིན་ཟེར་ གཙུག་ལག་སློབ་དཔོན་གྱིས་ བཤད་ཅི།

འགྲེམས་སྟོན་དེ་ འབྲུག་དང་ ཇར་མཱན་ཧི་མ་ལ་ཡ་མི་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཞིབ་འཚོལ་འབད་བའི་ཤུལ་ལུ་ འགོ་འདྲེན་འཐབ་ཨིན་པས།

དེ་བཟུམ་སྦེ་ ཞིབ་འཚོལ་འབད་མི་ འབྲུག་གི་འབྲི་ཁྱུན་དང་ པར་སྐྲུན་ལམ་སྲོལ་ཀི་དེབ་དང་ འབྲུག་ལུ་ སྤྱི་ལོ་༢༠༡༧ ལས་༢༠༡༨ ཀྱི་ རྒྱལ་སྤྱིའི་ཡིག་ཆས་གཏན་མཛོད་ཉིནམ་བརྩི་སྲུང་དང་འབྲེལ་ ཆེད་དོན་བགྲོ་གླེང་གི་ཞིབ་འཚོལ་རྩོམ་ཤོག་ བུམ་ཐང་རྫོང་ཁག་གི་དུས་སྟོན་ དེ་ལས་ ཡི་གུ་འབྲི་སྲོལ་དང་ པར་བརྐོ་ལམ་སྲོལ་ཀི་དེབ་༤ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ འགོ་འབྱེད་གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *