༉ འབྲུག་གི་རྒྱལ༌ཡོངས་ཀི་རི་ཀེཊ་ཕོ་སྐྱེས་སྡེ་ཚན་གོངམ་དང་ འགོ་དཔོན་ཚུ་ ཀོན་ཌང་གུ་ལར་ལས་རིམ་༢༠༢༢ ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁ་ཙ་ མ་ལེ་ཤི་ཡ་ལུ་ལྷོད་ནུག།
སྡེ་ཚན་ནང་ འཐུས་མི་༡༤ དང་ འགོ་དཔོན་༣ ཡོདཔ་དང་ ལས་རིམ་དེ་ཡང་ རྒྱལ་སྤྱི་ཀི་རི་ཀེཊ་ཚོགས་སྡེ་གིས་ ཆ་འཇོག་འབད་ཡོདཔ་ད་ ཀོན་ཌང་གུ་ལར་ལས་རིམ་དེ་ སྤྱི༌ཟླ༌༧ པའི་ཚེས་༢ ལས་༡༣ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་གི་ཀི་རི་ཀེཊ་སྡེ་ཚན་གྱིས་ ལོ་ངོ་༤ གི་རྒྱབ་ལས་ ད་རེས་ རྒྱལ་སྤྱི་གནས་ཚད་ཀྱི་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་དེ་ འགོ་དང་པ་ཨིནམ་ད་ ལས་རིམ་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགོ་འདྲེན་འཐབ་མ་ཚུགསཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ མ་ལེ་ཤི་ཡ་ལུ་ འཛམ་གླིང་ཨེ་ཤི་ཡཱན་མཐར་འཁྱོལ་ཨའི་སི་སི་ཊི་༢༠ འགོ་འདྲེན་འཐབ་པའི་ཤུལ་ལས་ ཀི་རི་ཀེཊ་རྩེད་འགྲན་པ་ ཕོ་སྐྱེས་སྡེ་ཚན་གོངམ་ཚུ་ རྒྱལ་སྤྱིའི་འགྲན་བསྡུར་ནང་ བཅའ་མར་གཏོགས་མ་ཚུགསཔ་ཨིན་པས།
འབྲུག་དང་ ཐའི་ལེནཌ་ མཱལ་ཌེབསི་ དེ་ལས་ མ་ལེ་ཤི་ཡའི་བར་ན་ འགྲན་བསྡུར་འབད་ནི་ཨིནམ་ད་ སྡེ་ཚན་ཚུ་གི་བར་ན་ ཚར་༢ རེ་ རྩེད་འགྲན་འབད་བའི་ཤུལ་ལས་ དྲག་ཤོས་སྡེ་ཚན་༢ ཀྱིས་ མཐའ་དཔྱད་རྩེད་འགྲན་འབད་ནི་ཨིན་པས།
རྩེད་འགྲན་ག་ར་ རྒྱལ་སྤྱི་ཨའི་སི་སི་ཊི་༢༠ གནས་རིམ་གྱི་དོན་ལུ་ བརྩི་འཇོག་འབད་ནི་ཨིནམ་ད་ འབྲུག་པའི་སྡེ་ཚན་ཡང་ ཡོངས་དཔོན་འཇིགས་མེད་སེངྒེ་དང་ ཡོངས་དཔོན་འོགམ་ འཕྲིན་ལས་རྒྱ་མཚོ་༢ ཀྱིས་ འགོ་ཁྲིད་འབད་དེ་ ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢ ལུ་ ལས་རིམ་འགོ་འབྱེད་འབདཝ་ད་ འབྲུག་གིས་ མ་ལེ་ཤི་ཡ་སྡེ་ཚན་དང་ རྩེད་འགྲན་འབད་ནི་ཨིནམ་ད་ འབྲུག་ཀི་རི་ཀེཊ་བཀོད་ཁྱབ་གཙོ་འཛིན་ ཌ་མར་ཨེསི་ གུ་རུང་གིས་ སླབ་མིའི་ནང་ རྩེདམོ་རྩེ་མི་ཚུ་ཡང་ དགེ་ལེགས་ཕུག་དང་ ཐིམ་ཕུག་ལུ་ ཟླཝ་༣ དེ་ཅིག་ སྦྱོང་བརྡར་འབད་ཡི་ཟེར་ཨིན་པས།
ནད་ཡམས་ལུ་བརྟེན་ རྩེད་འགྲན་པ་ཚུ་ ཧེ་མའི་ལམ་ཕྱོགས་ལུ་ ལྷོད་ནིའི་དོན་ལས་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོད་རུང་ སྡེ་ཚན་ལེགས་བསྒྱུར་བཟོ་ནི་དེ་ ང་བཅས་རའི་ དམིགས་དོན་ཨིནམ་བཞིན་དུ་ རྩེད་འགྲན་དེ་གིས་ སྡེ་ཚན་གྱི་ འཇོན་ཐངས་ཚུ་ དབྱེ་ཞིབ་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ ཌ་མར་ཨེསི་ གུ་རུང་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༢༡ ལུ་ ཤྲཱི་ལངྐ་ལས་ ཊེ་ཤཱན་ནོ་ནིསི་དེ་ འབྲུག་རྒྱལ་ཡོངས་ཀོ་རི་ཀེཊ་གི་ སློབ་སྟོན་པ་སྦེ་ བསྐོ་བཞག་འབད་བའི་ཤུལ་ལས་ ཁོ་གི་དོན་ལུ་ ཀོན་ཌང་གུ་ལར་ལས་རིམ་༢༠༢༢ དེ་ རྒྱལ་སྤྱི་རྩེད་འགྲན་འགོ་དང་པ་ འོང་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ འབྲུག་ཀེ་རི་ཀེཊ་གིས་ རྒྱལ་ཡོངས་ནང་འཁོད་ལས་ འོས་འབབ་ཡོད་པའི་ རྒྱལ་ཡོངས་སྡེ་ཚན་༢༢ སྦྱོང་བརྡར་གྱི་དོན་ལས་ ཐིམ་ཕུག་ལུ་ འབོ་ཡོདཔ་བཞིན་དུ་ ཊི་༢༠ ཨའི་ གནས་ཚད་ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
རྩེད་འགྲན་པ་ཚུ་ཡང་ ནང་འཁོད་དང་ རྒྱལ་སྤྱི་རྩེད་འགྲན་གྱི་ རང་སོའི་ལྕོགས་གྲུབ་དང་འཁྲིལ་ཏེ་ གདམ་འཐུ་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།