བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ མདོ་ཆེན་དང་ འཛམ་གླིང་དངུལ་ཁང་གི་ གནས་བཞུགས་སྐུ་ཚབ་དང་གཅིག་ཁར་ འབྲུག་གི་འཚོ་བའི་གནས་ཚད་བརྟག་ཞིབ་དང་ དབུལ་ཕོངས་ཀྱི་བརྟག་ཞིབ་སྙན་ཞུ་༢༠༡༧ ཅན་མ་ གསར་བཏོན་འབད་བའི་བསྒང་།

འབྲུག་གི་འཚོ་བའི་གནས་ཚད་དང་ དབུལ་ཕོངས་ཀྱི་ བརྟག་ཞིབ་སྙན་ཞུ་ གསར་བཏོན།

༉ འདས་པའི་ལོ་༥ འི་ནང་འཁོད་ལུ་ ཁྱིམ་གུང་རེ་གིས་ ཟླ་རིམ་བཞིན་དུ་ ཟད་འགྲོ་བཏང་མི་ ཟད་རྩིས་ཆ་སྙོམས་དེ་ བརྒྱ་ཆ་༨༢ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༢ ལུ་ ཟླ་རིམ་གྱི་ཟད་འགྲོ་དེ་ གུང་རེ་གིས་ དངུལ་ཀྲམ་༡༨,༣༦༧ བཏང་མི་ལས་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་༣༣,༥༤༢ ལུ་ ཡར་སེང་སོང་ནུག།
དེ་ཡང་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྱིམ་གུང་རེ་གིས་ ཟླ་རིམ་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་༡༨,༣༦༧ དེ་ཅིག་ བཏང་མི་དེ་ ད་རེས་ དངུལ་ཀྲམ་༣༣,༥༤༢ ལུ་ ཡར་སེང་སོང་ཡོདཔ་བཞིན་དུ་ གྲོང་གསེབ་ནང་གི་ གུང་པ་རེ་གིས་ ཟླ་རིམ་ཟད་འགྲོ་ དངུལ་ཀྲམ་༢༦,༩༣༧ དང་ ཁྲོམ་ཁར་སྡོད་མི་ཚུ་གིས་ དངུལ་ཀྲམ་༤༥,༥༠༨ དེ་ཅིག་ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ ཐིམ་ཕུག་རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ འབྲུག་གི་འཚོ་བའི་གནས་ཚད་བརྟག་ཞིབ་དང་ དབུལ་ཕོངས་བརྟག་ཞིབ་སྙན་ཞུ་༢༠༡༧ གསར་གཏོན་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ད་ སྙན་ཞུ་དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསར་བཏོན་འབད་ཡི།
འབྲུག་འཚོ་བའི་གནས་ཚད་བརྟག་ཞིབ་སྙན་ཞུ་ཀྱིས་ འཕྲལ་གྱི་གནས་སྡུད་དང་ མི་འབོར་ཞིབ་རྩིས་ ཤེས་རིག་ གསོ་བ་ ལཱ་གཡོག་ འོང་འབབ་ མི་མང་མཐུན་རྐྱེན་ ཞབས་ཏོག་ལག་ལེན་ རྒྱུ་དངོས་ ཁྱིམ་གུང་ བསྐྱིན་འགྲུལ་ དེ་ལས་ རང་རྐྱང་གི་ དབུལ་ཕོགས་དང་ དགའ་སྐྱིད་ཚུ་ བྱིན་ཚུགས་ནི་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འཚོ་བའི་གནས་ཚད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཨམ་སྲུ་བརྒྱ་ཆ་༩༤ དེ་ཅིག་གིས་ རང་སོའི་ཨ་ལོ་ཚུ་ སྨན་ཁང་ནང་ བསྐྱལ་མི་ལུ་བལྟ་བ་ཅིན་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ ཡར་དྲག་སོང་བའི་ རྟགས་མཚན་ཨིན་མས་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༢ ལུ་ ཨམ་སྲུ་བརྒྱ་ཆ་༧༧ མ་གཏོགས་ རང་སོའི་ཨ་ལོ་ཚུ་ སྨན་ཁང་ནང་ མ་སྐྱེསཝ་ལས་ ད་རེས་ དེ་བཟུམ་མའི་ སྙན་ཞུ་བཏོན་བའི་སྐབས རྒྱལ་ཁབ་ནང་ གནས་ཚུལ་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ གུང་པ་བརྒྱ་ཆ་༩༩.༥ དེ་ཅིག་གིས་ འཐུང་ཆུའི་རྐ་ཚུ་ ཡར་དྲག་སོང་ཡོད་པའི་ཁར་ བརྒྱ་ཆ་༩༢ དེ་ཅིག་ གཙང་སྦྲའི་མཐུན་རྐྱེན་ཚུ་ གོང་འཕེལ་སོང་ནུག་ཟེར་ཨིན་པས།
འབྲུག་འཚོ་བའི་གནས་ཚད་བརྟག་ཞིབ་ནང་ ཁྱིམ་གུང་པ་༡༡,༦༠༠ དང་ མི་༤༨༦,༣༩ ལས་ བསམ་འཆར་བསྡུ་ལེན་འབད་བའི་ཁར་ ཁྱིམ་གུང་པ་༡༦༤,༠༡༡ དང་ མི་༦༩༢,༨༩༥ ལས་ བརྟག་ཞིབ་དཔེ་ཚད་ བསྡུ་ལེན་འབད་ནུག།
རྩིས་དཔྱད་བཀོད་འཛིན་གྱིས་ སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་༢ ལུ་ ལྷོད་ཡོད་པའི་ ཚོད་རྩིས་བཏོན་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ བརྒྱ་ཆ་༢.༧ ཨིནམ་ལས་ ད་རེས་ བརྒྱ་ཆ་༠.༧ དེ་ཅིག་ མར་བབས་སོང་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་བཟུམ་སྦེ་ ཁྲོམ་ཁར་ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་༤.༦ དང་ གྲོང་གསེབ་ནང་ བརྒྱ་ཆ་༠.༨ ལུ་ལྷོད་ཡོདཔ་ད་ འཚོ་བའི་གནས་ཚད་ཀྱི་ བརྟག་ཞིབ་དེ་ཡང་ མི་སྡེའི་དཔལ་འབྱོར་གྱི་ སྲིད་བྱུས་དང་ འཆར་གཞི་བཟོ་ནིའི་དོན་ལུ་ གཞུང་ལུ་ གནས་སྡུད་ཚུ་ བྱིན་ནི་ལུ་དམིགས་ཏེ་ཨིན་པས།
རྒྱལ་ཁབ་ནང་ ཁྱིམ་གུང་པ་བསྡོམས་༡༦༤,༠༡༡ དང་ མི་རློབས་༦༩༢,༨༩༥ འི་ ཚོད་རྩིས་ཡོད་མི་ལས་ བརྒྱ་ཆ་༣༥ ཁྲོམ་ཁར་ སྡོད་དོ་ཡོད་པའི་ཁར་ བརྒྱ་ཆ་༦༦ གྲོང་གསེབ་ནང་ སྡོད་དོ་ཡོདཔ་ཨིན་པས།
ཤེས་རིག་གྱི་ཐད་ཁར་ སྙན་ཞུ་དང་འཁྲིལཝ་ད་ ཕོ་སྐྱེས་བརྒྱ་ཆ་༧༣ དང་ ཨམ་སྲུ་བརྒྱ་ཆ་༥༩ དེ་ཅིག་ ཤེས་ཡོན་སྦྱངས་མི་ཡོདཔ་བཞིན་དུ་ ན་གཞོན་གྱི་ཐད་ཁར་ སྐྱེས་ལོ་༡༥-༢༤ འབད་མི་ བརྒྱ་ཆ་༩༣ དང་ རྒན་ཤོས་བརྒྱ་ཆ་༦༠ ལུ་ འབྲི་ལྷག་གི་ ཤེས་ཡོན་འདུག་ཟེར་ཨིན་པས།
ཨམ་སྲུ་བརྒྱ་ཆ་༤༧ དང་ ཕོ་སྐྱེས་བརྒྱ་ཆ་༣༦ དེ་ཅིག་ འབྲི་ལྷག་མེད་པའི་ཁར་ ཨམ་སྲུ་བརྒྱ་ཆ་༥ དང་ ཕོ་སྐྱེས་༨ དེ་ཅིག་ལུ་ ཆེ་རིམ་གྱི་ ཤེས་ཡོན་ཡོདཔ་ད་ སྐྱེས་ལོ་༦ ཡན་ཆད་འབད་མི་ ཨ་ལོ་བརྒྱ་ཆ་༩༩ དེ་ རྒྱལ་ཁབ་ནང་ ཤེས་ཡོན་སྦྱང་སྟེ་ཡོད་པའི་ཁར་ བརྒྱ་ཆ་༣༠ དེ་ཅིག་ ཕྱིའི་རྒྱལ་ཁབ་ནང་ གཞི་རིམ་ཤེས་ཡོན་དང་ ཆེ་རིམ་གནས་ཚད་ཀྱི་ ཤེས་ཡོན་ཚུ་ སྦྱང་པའི་བསྒང་ཡོདཔ་ཨིན་པས།
སློབ་ཕྲུག་བརྒྱ་ཆ་༦༠.༥ ལྷགཔ་ཅིག་ སློབ་གྲྭ་ནང་ རྐང་སྟོང་སྦེ་ འགྱོ་དོ་ཡོདཔ་བཞིན་དུ་ བརྒྱ་ཆ་༤ དེ་གིས་ མི་མང་གི་ འགྲུལ་འཁོར་ཞབས་ཏོག་ ལག་ལེན་འཐབ་དོ་ཡོད་པའི་ཁར་ བརྒྱ་ཆ་༧ གྱིས་ སློབ་གྲྭ་ནང་ འགྱོ་བའི་སྐབས་ ནང་ཚན་གྱི་ སྣུམ་འཁོར་ཚུ་ནང་ འགྱོཝ་མས་ཟེར་ སྙན་ཞུ་ནང་ བཀོད་ནུག།
སློབ་གྲྭ་ཆུང་བའི་ ཤེས་ཡོན་མཇུག་བསྡུ་བའི་ ཚད་གཞི་དེ་ གྲོང་གསེབ་ནང་ མཐོ་དྲགས་ཡོདཔ་མ་ཚད་ སློབ་གྲྭ་བར་མིའི་ ཤེས་ཡོན་སྦྱང་སྟེ་ མཇུག་བསྡུ་པའི་ ཚད་གཞི་དེ་ གྲོང་གསེབ་དང་འཕྱདཔ་ད་ ཁྲོམ་སྡེ་ནང་ མངམ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ མི་རློབས་བར་མའི་ ཚད་གཞི་དེ་ སྐྱེས་ལོ་༢༨ ཡོདཔ་ད་ ན་གཞོན་སྐྱེས་ལོ་༡༥ འབད་མི་ བརྒྱ་ཆ་༢༨ དེ་ལས་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ མི་རློབས་བརྒྱ་ཆ་༧ ཡོདཔ་ཨིན་པས།
སྤྱིར་བཏང་ ཕོ་མོའི་ཆ་ཚད་ལས་ ཨམ་སྲུ་༡༠༠ ལུ་ ཕོ་སྐྱེས་བརྒྱ་ཆ་༩༤ ཡོདཔ་བཞིན་དུ་ ད་རེས་ མི་རློབས་བརྒྱ་ཆ་༤༨ དེ་ཅིག་ གཉེན་རྐྱབ་སྟེ་ཡོདཔ་ཨིན་པས།
དབུལ་ཕོངས་ཀྱི་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མི་རློབས་བརྒྱ་ཆ་༨.༢ དེ་ཅིག་ དབུལ་ཕོངས་ཀྱི་ དཀའ་ངལ་ཡོད་པའི་ ཚོད་རྩིས་བཏོན་ཡོདཔ་ད་ དབུལ་ཕོངས་ཀྱི་ དཀའ་ངལ་ཡོད་པའི་ དབུལ་ཕོངས་ཀྱི་ ཚད་གཞི་ལས་ ཟད་འགྲོ་ཉུང་སུ་བཏང་མི་ལུ་ རྩིས་འཇོག་འབད་དོ་ཡོདཔ་ཨིན་པས།
དབུལ་ཕོངས་ཀྱི་ དཀའ་ངལ་དེ་ཡང་ མང་ཤོས་ར་ གྲོང་གསེབ་ནང་ལས་ཕར་ཡོདཔ་བཞིན་དུ་ བརྒྱ་ཆ་༡༡.༩ ཡོད་པའི་ཁར་ བརྒྱ་ཆ་༠.༧ དེ་ཅིག་ ཁྲོམ་ཁར་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
རྫོང་ཁག་ནང་ དབུལ་ཕོངས་ཀྱི་ ཚད་གཞི་ཐད་ཁར་ དར་དཀར་ནང་དང་ གཞལམ་སྒང་ ཀྲོང་གསར་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་ལུ་ མངམ་ཡོདཔ་བཞིན་དུ་ ཐིམ་ཕུག་དང་ སྤ་རོ་ལུ་ ཉུང་སུ་ཡོད་པའི་ཁར་ ཕུན་ཚོགས་གླིང་ཁྲོམ་དང་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་ནང་ དབུལ་ཕོངས་ཀྱི་ ཚད་གཞི་བརྒྱ་ཆ་༢ དེ་ཅིག་ ཡོདཔ་ཨིན་པས།
རྩིས་དཔྱད་བཀོད་འཛིན་གྱི་མདོ་ཆེན་ འཆི་མེད་ཚེ་རིང་གིས་ སླབ་མིའི་ནང་ སྙན་ཞུ་དེ་གིས་ གཞུང་གིས་ འཆར་གཞི་༡༢ པ་ གྲ་སྒྲིག་འབད་བའི་སྐབས ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྟག་ཞིབ་དེ་ཡང་ དུས་ཅི་ སྤྱི་ཟླ་༣ དང་༤ པའི་ནང་ འཛམ་གླིང་དངུལ་ཁང་གི་ མ་དངུལ་དང་ ཐབས་རིག་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
འབྲུག་འཚོ་བའི་གནས་ཚད་བརྟག་ཞིབ་དེ་ཡང་ འགོ་དང་པ་ར་ སྤྱི་ལོ་༢༠༠༧ ལས་ བརྟག་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *