འབྲུག་གི་མི་རློབས་བསྡོམས་༦༨༡,༧༢༠ ལུ་ལྷོད་ཡོདཔ།

༉ ཁ་ཙ་ འབྲུག་གི་མི་རློབས་དང་ ཁྱིམ་གུང་གྲངས་རྩིས་༢༠༡༧ ཅན་མའི་ སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ འདས་པའི་ལོ་ངོ་༡༢ ཀྱི་ ནང་འཁོད་ལུ་ འབྲུག་པའི་མི་འབོར་ བརྒྱ་ཆ་༡༦ ཡར་སེང་སོང་ནུག།
དེ་ཡང་ འབྲུག་པའི་མི་རློབས་དེ་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༣༠ ལས་ ཟླ་༦ པའི་ཚེས་༡ གི་བར་ན་ གྲངས་རྩིས་རྐྱབ་ད་ མི་འབོར་༦༨༡,༧༢༠ གུ་ ལྷོད་ཡོད་མི་དེ་ ལོ་བསྟར་བཞིན་དུ་ མི་འབོར་༣,༨༩༥ གི་རྩིས་ ཡར་སེང་འགྱོ་བའི་ བརྡ་མཚོན་སྟོནམ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྙན་ཞུ་གསར་བཏོན་གནངམ་ད་ མི་རློབས་ཡར་སེང་འགྱོ་རུང་ འབྲུག་པའི་མི་རློབས་ཀྱི་ གནས་ཚད་ནང་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིནམ་སྦེ་ གསུངས་མི་དེ་ཡང་ གནས་སྡུད་དང་འཁྲིལ་རུང་ ཁྲོམ་སྡེ་ནང་སྡོད་མི་ ཨམ་སྲུ་མང་ཤོས་ཀྱིས་ ཨ་ལོ་སྐྱེ་ནི་ལུ་ ཕྱིས་ཏེ་སྡོད་པའི་ རྟགས་མཚན་ཐོན་ནུག་ཟེར་ཨིན་པས།
བློན་ཆེན་གྱིས་ ད་ལྟོའི་གནས་སྡུད་ནང་ ཡོད་དོ་བཟུམ་སྦེ་ མི་རློབས་ཡར་སེང་ལུ་ འགྱུར་བ་མེད་པ་ཅིན་ ལོ་༧ དེ་ཅིག་གི་ཤུལ་ལས་ འབྲུག་གི་་ མི་རློབས་དེ་ མར་ཕབ་འགྱོ་ནི་ཨིནམ་ལས་ མཁས་མཆོག་ཚུ་གིས་ བལྟ་ཞིབ་འབད་དགོཔ་འདུག་ཟེར་ གསུངས་ཡི།
ན་ཧིང་སྤྱི་ཟླ་༥ པའི་ཚེས་༣༠ ལུ་ འབྲུག་གི་མི་རློབས་ཡོངས་བསྡོམས་༧༣༥,༥༥༣ ཡོད་ས་ལས་༦༨༡,༧༢༠ རྐྱངམ་གཅིག་ འབྲུག་མི་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ད་ མི་འབོར་༥༣,༨༣༣ དེ་ ཕྱི་མི་ཚུ་ རྒྱལ་ཁབ་ནང་ཡོད་པའི་ ཐོ་བཀོད་འབད་ནུག།
མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༦༢.༢ དེ་ གྲོང་གསེབ་ནང་ སྡོད་པའི་ཁར་ བརྒྱ་ཆ་༣༧.༨ ཁྲོམ་སྡེ་ནང་ སྡོད་མི་ཚུ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཁྲོམ་སྡེ་ཚུ་གི་གྲས་ལས་ ཐིམ་ཕུག་ཁྲོམ་སྡེ་ནང་ མི་རློབས་བསྡོམས་༡༣༨,༧༣༦ ཡོད་མི་དེ་ མཐོ་ཤོས་ཨིན་པའི་ཁར་ བརྒྱ་ཆ་ལས་བཅད་པ་ཅིན་༡༩.༡ གི་རྩིས་ཨིནམ་བཞིན་དུ་ མི་རློབས་དམའ་ཤོས་དེ་ མགར་ས་རྫོང་ཁག་ནང་༣,༩༥༢ ཡོད་མི་དེ་ ཡོངས་བསྡོམས་ལས་ བརྒྱ་ཆ་༡.༠ གི་འོག་རྒྱུ་ཨིན་པས།
ཕོ་མོའི་དབྱེ་བ་ལས་བཅད་པ་ཅིན་ ཨམ་སྲུ་༡༠༠ ལུ་ ཕོ་སྐྱེས་༡༡༠ གྱི་ རྩིས་ཨིན་པའི་ཁར་ ལོ་ཚད་སྤྱི་སྙོམས་དེ་ ལོ་༢༦.༩ ཡོདཔ་ལས་ དེ་གིས་ འབྲུག་གི་མི་རློབས་ཕྱེད་ཀ་དེ་ཅིག་ ལོ་༢༦.༩ འོག་རྒྱུ་ཡོད་པའི་ རྟགས་མཚན་ཨིན་པས།
ཤེས་རིག་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ སྤྱི་ལོ་༢༠༡༧ ལོའི་ གྲངས་རྩིས་ཀྱི་ དམིགས་གཏད་དེ་ སྲིད་བྱུས་དང་ མི་སྡེ་དཔལ་འབྱོར་དང་འབྲེལ་བའི་ འཆར་གཞི་ཚུ་ བཟོ་བའི་སྐབས་ གནས་སྡུད་ཚུ་ བྱིན་ཐབས་ལུ་ཨིན་ཟེར་བཤད་ཅི།
གྲངས་རྩིས་ཀྱི་ གནས་སྡུད་བསྡུ་སྒྲིག་འབད་ནིའི་དོན་ལུ་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་༤༩༠ གིས་ ཟླཝ་༦ འགོར་ཡོདཔ་ད་ ཞི་གཡོགཔ་༩,༧༥༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ གཞན་ལུ་བརྟེན་སྡོད་མི་ བརྒྱ་ཆ་༦༠.༦ ཡོད་མི་ད་ ད་རེས་ བརྒྱ་ཆ་༤༧ ལུ་ མར་བབས་སོང་སྟེ་ཡོདཔ་ད་ ཤེས་ཡོན་གྱི་ ཁྱབ་ཚད་དེ་ སྤྱི་ལོ་༢༠༠༥ ལུ་ བརྒྱ་ཆ་༥༩.༥ ཡོད་ས་ལས་ བརྒྱ་ཆ་༧༡.༤ ལུ་ ཡར་སེང་སོང་ཡོད་མི་དེ་ཡང་ ཐིམ་ཕུག་རྫོང་ཁག་ནང་ བརྒྱ་ཆ་༨༣.༩ ཡོད་མི་དེ་ མཐོ་ཤོས་དང་ དེ་གི་ཤུལ་ལས་ ཆུ་ཁ་རྫོང་ཁག་ནང་ བརྒྱ་ཆ་༧༥.༡ དེ་ལས་ མགར་ས་རྫོང་ཁག་ནང་ བརྒྱ་ཆ་༥༩.༨ ཡོད་མི་དེ་ དམའ་ཤོས་ཨིན་པས།
མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༣༤.༧ གྱིས་ ཤེས་ཡོན་རྩ་ལས་མ་ལྷབ་པར་ ཡོད་པའི་ཁར་ བརྒྱ་ཆ་༢༩.༤ གིས་ ད་ལྟོ་ ཤེས་ཡོན་ལྷབ་པའི་བསྒང་ཡོདཔ་ད་ བརྒྱ་ཆ་༣༥.༩ གིས་ ཧེ་མ་སྦྱང་ཡོདཔ་བཞིན་དུ་ ཤེས་ཡོན་མ་སྦྱང་མི་དེ་ བརྒྱ་ཆ་༡༢.༧ མར་བབས་སོང་ཡོདཔ་ཨིན་པས།
འདས་པའི་ལོ་༡༢ ཀྱི་ནང་ ཨམ་སྲུ་ཨ་ལོ་སྐྱེས་མིའི་ བརྒྱ་ཆ་དེ་ཡང་ སྤྱི་ལོ་༢༠༠༥ ལུ་ བརྒྱ་ཆ་༥༠.༩ ཡོད་མི་ལས་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༩༧.༢ ལུ་ ཡར་སེང་སོང་ཡོདཔ་ད་ མིའི་ཚེ་ཚད་དེ་ སྤྱི་ལོ་༢༠༠༥ ལུ་ ལོ་༦༦.༣ ཨིན་མི་ལས་ ད་རེས་ ལོ་༧༠.༢ ལུ་ ཡར་སེང་སོང་ནུག།
ཧེ་མ་ མི་རློབས་༡,༠༠༠ ལུ་ ཨ་ལོ་སྐྱེས་ཚད་བརྒྱ་ཆ་༡༩.༧ ཨིན་མི་དེ་ ད་རེས་བརྒྱ་ཆ་༡༥.༥ ལུ་ མར་བབས་སོང་ཡོདཔ་ད་ ཨ་ལོ་སྐྱེས་བའི་ གནས་ཚད་དེ་ བརྒྱ་ཆ་༡.༧ ཨིན་མི་དེ་ ཨམ་སྲུ་ཚུ་གིས་ ཨ་ལོ་སྐྱེ་ནིའི་ལོ་ཚད་ནང་ ཨ་ལོ་༡.༧ དེ་ཅིག་ སྐྱེས་བའི་རྩིས་ཨིན་མི་དེ་ཡང་ སྤྱི་ལོ་༢༠༠༥ ལུ་ བརྒྱ་ཆ་༢.༥ ཡོད་མི་ལས་ མར་འབབ་སོང་བའི་རྟགས་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ ལཱ་གཡོག་མ་ཐོབ་པའི་ བརྒྱ་ཆ་དེ་༢.༤ ཨིན་མི་དེ་ཡང་ ཁྲོམ་ཁར་འབད་བ་ཅིན་ བརྒྱ་ཆ་༤.༦ ཡོད་པའི་ཁར་ གྲོང་གསེབ་ནང་ བརྒྱ་ཆ་༡.༣ ཡོདཔ་ཨིན་པས།
ན་གཞོན་ལཱ་གཡོག་མ་ཐོབ་པའི་ བརྒྱ་ཆ་དེ་༡༠.༦ ཨིན་མི་དེ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ མཐོ་སུ་ཡོད་པའི་ཁར་ འབྲུག་གི་མི་རློབས་ལས་བརྒྱ་ཆ་༤༨.༧ གྱིས་ རང་སོའི་རྒེད་འོག་ལས་ གནས་སྤོ་སྟེ་ ཁྲོམ་སྡེ་ཚུ་ནང་ འགྱོ་ཡོད་པའི་ཁར་ བརྒྱ་ཆ་༣༩.༨ ཀྱིས་ རང་སོའི་རྫོང་ཁག་ལས་ཕྱི་ཁར་ གནས་སྤོ་སོང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *