འབྲུག་གི་མི་རློབས་དང་ འབྲུག་ལུ་སྡོད་མི་ མི་རློབས་ཀྱི་ཁྱད་པར།

༉ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ གཞུང་གིས་ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མའི་ སྙན་ཞུ་གསལ་སྟོན་འབད་དེ་ བརྡ་བརྒྱུད་ནང་ ཐོན་པའི་ཤུལ་ལས་ ང་བཅས་ཀྱི་ མི་མང་ཤོས་ར་ འབྲུག་པའི་མི་འབོར་གྱི་ གྱངས་ཁ་ལུ་བལྟ་སྟེ་ མགུ་འཐོམ་བྱུང་ནུག།
མགུ་འཐོམ་བྱུང་དགོ་པའི་ གཞི་ཁུངས་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ པར་སྐྲུན་འབད་མི་ ཉིན་བསྟར་ཀུན་གསལ་རྫོང་ཁ་དང་ ཨིང་སྐད་གསར་ཤོག་གཉིས་ནང་ མི་འབོར་ཡོངས་བསྡོམས་ཀྱི་ གྱངས་ཁ་སོ་སོར་ གསལ་བཀོད་འབད་ནི་དེ་གིས་ཨིན་མས།
མ་གཞི་ འབྲུག་གི་མི་རློབས་གྱངས་ཁ་ངོ་མ་དེ་༦༨༡,༧༢༠ ཨིན་རུང་ སྤྱི་ལོ་༢༠༡༧ ལུ་ གྲངས་རྩིས་རྐྱབ་ད་ དེ་བསྒང་རྒྱལ་ཁབ་ནང་སྡོད་མི་ ཕྱི་མི་ཚུ་ཡང་ རྩིས་རྐྱབ་མི་ལུ་བརྟེན་ མི་འབོར་ཡོངས་བསྡོམས་༧༣༥,༥༥༣ ཡོད་པའི་ མངོན་གསལ་བྱུང་ནུག།
འདི་འབདཝ་ལས་ གསར་ཤོག་གཉིས་ནང་ འབྲུག་གི་མི་རློབས་༦༨༡,༧༢༠ དང་༧༣༥,༥༥༣ གསལ་བཀོད་འབད་མི་གཉིས་ཆ་ར་ ནོར་བ་མེན་པའི་ གྲངས་འབོར་ངེས་བདེན་ཨིན།
ག་འཆརཔ་ཟེར་བ་ཅིག་ ན་ཧིང་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ རྒྱལ་ཁབ་ནང་སྡོད་མི་ མི་རློབས་ཡོངས་བསྡོམས་༧༣༥,༥༥༣ ཡོད་ས་ལས་༦༨༡,༧༢༠ འབྲུག་མི་ཨིན་རུང་ མི་འབོར་༥༣,༨༣༣ དེ་ འབྲུག་ལུ་ ལཱ་འབད་མི་ ཕྱི་མི་ཚུ་ཨིན་པའི་ ཐོ་བཀོད་འབད་ནི་དེ་གིས་ཨིན་མས།
གོང་ལུ་བཀོད་དོ་བཟུམ་ མི་རློབས་ཀྱི་གྲངས་འབོར་ ཁག་གཉིས་སྦེ་ གསལ་བཀོད་འབད་མི་དེ་གིས་ སྤྱིར་བཏང་མི་མང་ལུ་ མགུ་འཐོམ་བྱུང་ཡོད་རུང་ ད་རེས་ ང་བཅས་ལུ་ གཞི་བཞག་སའི་ གནས་སྡུད་དང་ རྩིས་དཔྱད་བློ་གཏད་ཚུགསཔ་སྦེ་ ཡོད་ནི་དེ་གིས་ སྲིད་བྱུས་དང་ འཆར་གཞི་བརྩམ་ནི་ཚུ་ལུ་ ཕན་ཁྱད་འབྱུང་ནི་ཨིན་མས།
དེ་ཡང་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་གསརཔ་དེ་གིས་ མི་རློབས་ཀྱི་ གྲངས་འབོར་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ནང་ འབྲི་ལྷག་ཤེས་ཡོན་གྱི་ཚད་གཞི་ལ་སོགས་པའི་ གནས་སྡུད་གསརཔ་ལེ་ཤ་བྱིན་དོ་ཡོདཔ་ལས་ ང་བཅས་ལུ་ གོ་སྐབས་དང་ ལེགས་བཅོས་འབད་དགོཔ་ དེ་ལས་ ཉེན་ཁ་ཚུ་ ག་ཅི་ར་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་ཚུགས་པས།
ང་བཅས་ཀྱི་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༦༢.༢ གྲོང་གསེབ་ནང་ སྡོདཔ་མ་ཚད་ བརྒྱ་ཆ་༣༧.༨ ཁྲོམ་སྡེ་ནང་ སྡོདཔ་བཞིན་དུ་ ཕོ་མོའི་དབྱེ་བ་ལས་བཅད་པ་ཅིན་ ཨམ་སྲུ་༡༠༠ ལུ་ ཕོ་སྐྱེས་༡༡༠ གི་ རྩིས་ཨིན་པའི་ཁར་ མིའི་ཚེ་ཚད་དེ་ ལོ་༧༠.༢ ལུ་ཡར་སེང་སོང་ཡོད་མི་ལས་ སྤྱི་སྙོམས་ལུ་ ཨམ་སྲུ་ཚུ་གིས་ སྐྱེས་ལོ་༧༡.༧ དང་ ཕོ་སྐྱེས་ཚུ་ ལོ་ཚད་༦༨.༨ ཚུན་ སྡོདཔ་ཨིན་མས།
དེ་ལས་ སྤྱི་ལོ་༢༠༠༥ ལུ་ གཞན་ལུ་བརྟེན་སྡོད་མི་ བརྒྱ་ཆ་༦༠.༦ ཡོད་མི་དེ་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༤༧ ལུ་ མར་བབས་སོང་ཡོདཔ་མ་ཚད་ འབྲི་ལྷག་གི་ ཤེས་ཡོན་ཁྱབ་ཚད་དེ་ སྤྱི་ལོ་༢༠༠༥ ལུ་ བརྒྱ་ཆ་༥༩.༥ ལས་ བརྒྱ་ཆ་༧༡.༤ ལུ་ ཡར་སེང་སོང་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།
ད་རུང་ རྒྱལ་ཁབ་ནང་ ཁྱིམ་གུང་བརྒྱ་ཆ་༩༦.༦ གིས་ གློག་མེ་ལག་ལེན་འཐབ་མི་དེ་ སྤྱི་ལོ་༢༠༠༥ ལས་ བརྒྱ་ཆ་༣༩.༥ ཡར་སེང་སོང་པའི་ཁར་ ཁྱིམ་གུང་བརྒྱ་ཆ་༩༨.༦ ལུ་ ཉེན་སྲུང་ལྡན་པའི་ འཐུང་ཆུའི་ཐོབ་སྤྱོད་ཡོདཔ་བཞིན་དུ་ ཁྱིམ་གུང་བརྒྱ་ཆ་༧༤.༨ ལུ་ གཙང་སྦྲའི་མཐུན་རྐྱེན་ཚུལ་ལྡན་ཡོད་པའི་ ངོས་འཛིན་བྱུང་ནུག།
ན་གཞོན་ལཱ་གཡོག་མ་ཐོབ་པའི་ བརྒྱ་ཆ་དེ་༡༠.༦ ཨིན་མི་དེ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ མཐོ་སུ་ཡོད་མི་དེ་ གདོང་ལེན་ཅན་ཅིག་སྦེ་ར་ གནས་ཡོད་པའི་ཁར་ མི་རློབས་ཡོངས་བསྡོམས་ལས་བརྒྱ་ཆ་༤༨.༧ རང་སོའི་རྒེད་འོག་ལས་ གནས་སྤོ་སྟེ་ ཁྲོམ་སྡེ་ཚུ་ནང་ འསོང་ཡོདཔ་མ་ཚད་ བརྒྱ་ཆ་༣༩.༨ རང་སོའི་རྫོང་ཁག་ལས་ཕྱི་ཁར་ གནས་སྤོ་སོང་ཡོདཔ་ཨིན་མས།
བརྟག་ཞིབ་སྙན་ཞུ་དེ་གིས་ འཆར་གཞི་ཚུལ་ལྡན་ཐོག་ གོ་སྐབས་བཟང་པོ་ཚུ་ སྤྱོད་ནི་གི་ གནས་སྟངས་གསལ་སྟོན་འབདཝ་མ་ཚད་ ཉེན་ཁ་ཚུ་ཡང་ གསལ་བཀོད་འབད་ཡོད་མི་དེ་གིས་ ང་བཅས་ཀྱིས་ གདོང་ལེན་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དགོ་པའི་ དྲན་གསལ་འབདཝ་ཨིན་མས།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *