འབྲུག་གི་མཐའ་ཟུར་ས་གནས་ཚུ་ནང་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་ཡོདཔ།

༉ རྒྱལ་ཁབ་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ མཐའ་ཟུར་གྱི་ གཡུས་ཚན་དང་ སོ་ནམ་པ་མང་ཤོས་ཅིག་གི་ ཞིང་ཆུ་དང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཚུ་ ཐོནམ་ཨིན་པས།

དེ་ཡང་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ ཆོས་རྒྱལ་སྒྲོལ་མ་གིས་ གསལ་བཤད་འབད་མིའི་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ ཧེ་མ་ཡོད་མི་ ཆུ་རྐ་ཚུ་ སྐམ་ ཡོདཔ་མ་ཚད་ ས་དོང་ནང་ལས་ཐོན་མི་ ཆུ་ཚུ་ཡང་ སྐམ་པའི་ཁར་ ཆར་ཆུ་ཡང་ དུས་ཚོད་ཁར་ འབོར་ཆེ་ཏོག་ཏོ་སྦེ་ མ་རྐྱབ་ནི་དེ་གིས་ ཆུའི་དཀའ་ངལ་ཐོན་ནུག་ཟེར་ཨིན་པས།

རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་དང་ རྒྱལ་སྤྱི་གཅིག་སྒྲིལ་གངས་རི་གོང་འཕེལ་ལྟེ་བ་ ཨི་སི་མོཌ་གཉིས་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་༢༠༡༤ ཟླ་༧ པ་ལས་ སྤྱི་ལོ་༢༠༡༦ ཟླ་༦ པ་ཚུན་ ཞིབ་འཚོལ་འབད་ཡོདཔ་ད་ ད་ལྟོ་ མོ་བཏབ་ཀྱི་དོན་ལུ་ ལས་རིམ་ཚུ་ དབང་འདུས་ཕོ་བྲང་དང་ དར་དཀར་ནང་རྫོང་ཁག་༢ ནང་ ཞིབ་འཚོལ་འབད་བའི་བསྒང་ཡོད་ཟེར་ ཆོས་རྒྱལ་སྒྲོལ་མ་གིས་ བཤད་ཅི།

ཁོང་གིས་ རྫོང་ཁག་གཉིས་ཀྱི་ སོ་ནམ་པ་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ སྡེ་ཚན་ཁག་གི་འགོ་དཔོན་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ ན་གཞོན་ཚུ་ལུ་ གནམ་གཤིས་དང་ གནམ་གཤིས་འགྱུར་བགྲོད་དང་འཁྲིལ་ ག་ཅི་འབད་དགོཔ་ཨིན་ནའི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།

སྦྱོང་བརྡར་བྱིན་པའི་ཤུལ་ལས་ དབང་འདུས་རུས་པའི་ས་དང་ མཁོ་ཐང་ཁ་ལུ་ ས་དོང་ནང་ལས་ཐོན་མི་ ཆུ་ཚུ་ གསོག་འཇོག་འབད་ཞིནམ་ལས་ ཚོད་བསྲེ་ཐོན་སྐྱེད་འབད་དོ་ཡོདཔ་ད་ ཤར་ཀ་གཞི་དང་ ཉི་ཤོ་རྒེད་འོག་ནང་ མི་སྡེ་གིས་ ལོ་ཐོག་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོད་ཟེར་ཨིན་པས།

དར་དཀར་ནང་ འཁྱིལ་པའི་ས་ལུ་ མི་སེར་ཚུ་གི་ འཐུང་ཆུའི་རྐ་ངོ་མ་ཅིག་ཨིན་མི་ མཚོ་དེ་ ཉམས་སྲུང་འབད་ཡོདཔ་ད་ སྒོ་ཞིང་ལུ་ ཆར་ཆུ་གསོག་འཇོག་འབད་ནི་དང་ གེ་སར་གླིང་ལུ་ མི་སྡེ་ནགས་ཚལ་གྱི་དོན་ལུ་ ཤིང་གི་ལྕངམ་ གསོ་སྐྱོང་འབད་ནི་ཚུ་ འགོ་བཙུགས་ནུག།

མཐོ་རིམ་སློབ་གྲྭ་དེ་གིས་ གནམ་གཤིས་གནས་སྟངས་ནང་ སོ་ནམ་ཡུན་བརྟན་ དེ་ལས་ རི་ཁའི་ཚོད་བསྲེ་ལ་སོགས་པའི་ ཞིབ་འཚོལ་མང་རབས་ཅིག་ འབད་ཡོད་རུང་ ད་ལྟོ་ རྒྱལ་ཁབ་ནང་ རྒེད་འོག་རེ་རེ་བཞིན་དུ་གི་ གནམ་གཤིས་ཀྱི་ གནས་སྡུད་ཐོབ་མ་ཚུགས་མི་ལུ་བརྟེན་ཏེ་ ཞིབ་འཚོལ་གཏིང་ཟབ་སྦེ་ འབད་ནི་ལུ་ གདོང་ལེན་ཅན་ཨིན་པས་ཟེར་ ཆོས་རྒྱལ་སྒྲོལ་མ་གིས་ བཤད་ཅི།

ད་རིས་ མཇུག་བསྡུ་ནི་ཨིན་མི་ ཉིན་གྲངས་གསུམ་གྱི་ གནམ་གཤིས་ཞབས་ཏོག་གི་ གོ་བསྡུར་ཞལ་འཛོམས་དེ་ནང་ འཛམ་གླིང་གནམ་གཤིས་བརྟག་དཔྱད་ལས་སྡེའི་ ཞིབ་འཚོལ་དང་ རྒྱ་གར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱི་ གནམ་གཤིས་ཞབས་ཏོག་ཚུ་ ག་དེ་སྦེ་ བྱིན་དོ་ཡོདཔ་ཨིན་ན་ སོ་ནམ་ལས་ཁུངས་ཀྱི་དོན་ལུ་ ག་དེ་སྦེ་ར་ འབད་དོ་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *