འབྲུག་གི་བུ་ལོན་ མཐོ་དྲགས་སྦེ་ཡོད་རུང་ ཉེན་ཁ་ཆུང་སུ་ཅིག་ལས་མེདཔ།

༉ དུས་ཅི་སྤྱི་ཟླ་༦ པ་ཚུན་ རྒྱལ་ཁབ་ཀྱི་ ཕྱིའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༨༨ གུ་ལྷོད་མི་དེ་ ནང་འཁོད་ཐོན་སྐྱེད་འོང་འབབ་ཀྱི་ བརྒྱ་ཆ་༡༤༤ དེ་ཅིག་ཨིནམ་ལས་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཟླ་རིམ་གནས་སྡུད་དང་འཁྲིལཝ་ད་ བུ་ལོན་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༡༣༨ དེ་ རུ་པི་ལུ་བརྟེན་ ཐོན་ཡོདཔ་སྦེ་ བཀོད་ཡོདཔ་ད་ དེ་ནང་ལས་ འཛམ་གླིང་དངུལ་ཁང་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ ཨི་ཕཱཌ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་དང་ ཨཱསི་ཊི་ཡ་གཞུང་ལས་ སྐྱིན་འགྲུལ་ལེན་མི་གིས་ དངུལ་ཀྲམ་ཐེར་འབུམ་༤.༩ ཐོནམ་ཨིན་པས།
རུ་པིའི་སྐྱིན་འགྲུལ་ཡོངས་བསྡོམས་ལས་ ཆུར་བརྟེན་གློག་མེ་འཕྲུལ་ཁང་ཚུ་གི་དོན་ལུ་ བརྒྱ་ཆ་༩༥ ལེན་ཡོདཔ་ད་ དར་ལ་དང་ ཆུ་ཁ་གློག་མེ་ལས་འགུལ་གཉིས་ཀྱིས་ སྐྱིན་འགྲུལ་ཚུ་ བཏབ་ཚར་ཡོད་རུང་ སྤུ་ན་གཙང་ཆུ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་དང་ ནི་ཀ་ཆུ་ཚུ་ལུ་ བུ་ལོན་བཏབ་དགོཔ་ ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་༡ པ་དང་༢ པ་གཉིས་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༤༠ ལས་ལྷག་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་རུང་ ཨའི་ཨེམ་ཨེཕ་ཟེར་ རྒྱལ་སྤྱི་དངུལ་ལས་ལས་སྡེ་གིས་ འབྲུག་གི་བུ་ལོན་ཚད་གཞི་དེ་ལུ་ ཉེན་ཁ་ཆུང་སུ་ཅིག་ལས་ མི་མཐོངམ་མས་ཟེར་ བཤད་ཡོདཔ་ཨིན་པས།
ཨེ་ཤི་ཡ་པེ་སི་ཕིག་གི་ ཨའི་ཨེམ་ཨེཕ་ལས་སྡེའི་ མདོ་ཆེན་འོགམ་ ཨ་ནི་མ་རི་གུལ་ཌི་གིས་ ཀུན་གསལ་ལུ་བཤད་མིའི་ནང་ ནང་འཁོད་འོང་འབབ་ལུ་ བུ་ལོན་མཐོ་སུ་ཡོད་པ་ཅིན་ ཚ་གྱང་ལང་དགོཔ་ཨིན་རུང་ ཁོང་གིས་ ཐད་ཀར་དུ་ ཕྱིའི་གྱངས་ཁ་དང་ འཕྲུལ་རིག་ཚུ་ལུ་ གཞི་བཞག་ཐོག་ལས་ དབྱེ་ཞིབ་འབད་ནི་མེད་ཟེར་ཨིན་པས།
ལས་སྡེ་གིས་ གློག་ཤུགས་ནང་ལས་ འོང་འབབ་ག་དེ་སྦེ་ བཟོ་ཚུགས་ནི་ཨིན་ན་དང་ དེ་གིས་ སྤྱིར་བཏང་ཕན་གནོད་ཚུ་ལུ་ བལྟ་ནི་ཡོདཔ་མ་ཚད་ འབྲུག་གི་གནས་སྟངས་སྐོར་ལས་ དབྱེ་ཞིབ་ལེགས་ཤོམ་སྦེ་ འབད་དེ་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་གིས་ བཤད་མིའི་ནང་ འབྲུག་གི་གནས་སྟངས་དེ་ དེ་བཟུམ་མའི་ བུ་ལོན་ཡོད་མི་ཚུ་ལུ་ དབྱེ་ཞིབ་འབད་བའི་སྐབས་ བུ་ལོན་དེ་ ཆུང་སུ་ཅིག་ལས་བརྒལ་མེདཔ་ལས་ འབྲུག་ཡང་ དེ་གི་གྲས་ཁར་ཚུདཔ་ཨིན་ཟེར་ཨིན་པས།
དེ་ཡང་ གློག་ཤུགས་ལས་ཐོན་མི་ འོང་འབབ་ཀྱིས་ བུ་ལོན་ཚུ་ ལོག་བཏབ་ཚུགས་ནི་དང་ རྒྱ་གཞུང་དང་གཅིག་ཁར་ གློག་མེ་ཚོང་འབྲེལ་འཐབ་ནི་གི་ གོ་བརྡའི་་གན་ཡིག་བཐོ་སྟེ་ཡོདཔ་ལས་ རྒྱལ་ཁབ་གཞན་ཚུ་དང་ཕྱདཔ་ད་ འབྲུག་གཞུང་ལུ་ བུ་ལོན་གྱི་ ཉེན་ཁ་དེ་ ཆུངམ་མས་ཟེར་ མདོ་ཆེན་འོགམ་གིས་ བཤདཔ་ཨིན་པས།
མ་རྩ་བཙུགས་མི་ རྒྱལ་ཁབ་གཞན་ཚུ་ནང་ འབད་བ་ཅིན་ འོང་འབབ་བཟོ་ནི་གི་ གཏན་འཁེལ་མེདཔ་ལས་ ཉེན་ཁ་ཆེ་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ སང་ཕོད་གྲོས་བསྡུར་འབད་བའི་སྐབས་ལུ་ ལོག་སྟེ་བལྟ་འོང་ཟེར་ཨིན་པས།
གློག་མེ་འཕྲུལ་ཁང་བཟོ་སྐྲུན་འབད་མི་དེ་ མགྱོགས་སུ་སྦེ་ འབད་མ་ཚུགས་པར་ཡོད་རུང་ ཨའི་ཨེམ་ཨེཕ་གི་ དཔལ་འབྱོར་བལྟ་ལུགས་ནང་ སྤྱི་ལོ་༢༠༡༩ ལུ་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་འཕར་ཚད་དེ་ བརྒྱ་ཆ་༥.༥ དང་ སྤྱི་ལོ་༢༠༢༠ ལུ་ བརྒྱ་ཆ་༧.༢ ལུ་ ལྷོད་ནི་གི་ ཚོད་རྩིས་བཏོན་ཡོད་མི་དེ་ཡང་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ བཟོ་སྐྲུན་འབད་ཚར་ནི་དེ་གིས་ཨིན་པས།
ཨཱེ་ནི་མ་རི་གུལ་ཌི་གིས་ འབྲུག་གི་དཔལ་འབྱོར་དེ་ གློག་མེ་ལས་འགུལ་དང་ དེ་གི་ཕྱིར་ཚོང་ལུ་ རག་ལས་ཟེར་ བཤད་པའི་ཁར་ འབྲུག་གི་ས་ཆའི་ཆགས་ཚུལ་དེ་ མཐའ་ཟུར་ཨིནམ་མ་ཚད་ མི་རློབས་ཚད་ཅིག་ལས་བརྒལ་མེད་མི་དང་ སྐྱེལ་འདྲེན་གྱི་ གདོང་ལེན་ཚུ་ཡོདཔ་ལས་ རྒྱལ་ཁབ་གཞན་དང་ཕྱདཔ་ད་ གདོང་ལེན་ཐེབས་འདུག་ཟེར་ བཤདཔ་ཨིན་པས།
དེ་གི་ནང་ལས་ཡང་ སྒེར་སྡེའི་གནས་སྟངས་ ཡར་དྲག་གཏང་ནི་དེ་ ལཱ་ཁག་ཡོདཔ་ལས་ གཞུང་གིས་ ཚོང་འབྲེལ་ཆུང་བ་ལུ་ གཙོ་རིམ་བྱིན་དགོཔ་འདུག་ཟེར་ མོ་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *