འབྲུག་གི་དུས་རབས་༢༡ པའི་དཔལ་འབྱོར་མདུན་ལམ་གྱི་ ལས་རིམ་ཚུ་ ལག་ལེན་འཐབ་ནི།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འབྲུག་གི་དུས་རབས་༢༡ པའི་དཔལ་འབྱོར་མདུན་ལམ་ཟིན་བྲིས་སྙན་ཞུ་ བསྐྱར་ཞིབ་འབད་ཡོདཔ་ལས་ གཞུང་གིས་ ལག་ལེན་འཐབ་བཏུབ་པའི་ དགོས་མཁོ་ཅན་གྱི་ ལས་རིམ་ཚུ་ དགོས་མཁོ་དང་འཁྲིལ་ དང་ལེན་འབད་འོང་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངསམ་ཨིན་པས།

གཞུང་གིས་ དཔལ་འབྱོར་མདུན་ལམ་ཟིན་བྲིས་དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གུང་ལོ་༤༡ བཞེས་པའི་ འཁྲུངས་སྐར་དུས་སྟོན་དང་བསྟུན་ འགོ་འབྱེད་གནང་ཡི།

སྙན་ཞུ་ནང་ ལག་ལེན་འཐབ་བཏུབ་མི་ཚུ་ བསྟར་སྤྱོད་འབད་ནི་ཨིནམ་ད་ སྙན་ཞུ་ནང་ ལས་རིམ་བརྒྱ་ཆ་༥༠ དེ་ཅིག་ ལག་ལེན་འཐབ་བཞིན་དུ་ཡོདཔ་ད་ དཔལ་འབྱོར་མདུན་ལམ་གྱི་ ཆ་ཤས་ལས་རིམ་སྦོམ་ཤོས་ཅིག་ མི་དབང་མཆོག་གི་ བཀའ་ཤོག་ནང་ གསལ་སྟོན་འབད་དེ་ཡོད་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་བགྲེསཔ་ ཀུན་དགའ་ཚེ་རིང་གི་ ཁྲི་འཛིན་འབད་མི་ འབྲུག་གི་དུས་རབས་༢༡ པའི་དཔལ་འབྱོར་མདུན་ལམ་གྱི་ ལས་བྱེད་ཚོགས་ཆུང་གིས་ སྙན་ཞུ་ཟིན་འགོད་འབད་ནི་ལུ་ ལོ་༡ དེ་ཅིག་ འགོར་ཡོདཔ་ད་ ཚོགས་ཆུང་དེ་ཡང་ ན་ཧིང་ སྤྱི་ཟླ་༡ པའི་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ལས་བྱེདཔ་ཚོགས་ཆུང་ནང་ གཞུང་དང་ སྒེར་ ལས་འཛིན་ འཛམ་གླིང་སྤྱི་ཚོགས་ཀྱི་མཁས་མཆོག་ དེ་ལས་ སྤྱི་ཚོགས་ནང་མེན་པའི་ སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་བརྩིས་ཏེ་ ཚོགས་ཆུང་༥ ཡོདཔ་ཨིན་པས།

བློན་ཆེན་གྱིས་ བཀའ་ཤོག་ནང་ ལས་སྡེ་ཁག་སྦེ་ དབྱེ་བ་ཕྱེ་སྟེ་ ཁ་གསལ་སྦེ་མེད་རུང་ དཔལ་འབྱོར་མདུན་ལམ་ལས་ལྷགཔ་སྦེ་ཡོད་པའི་ཁར་ བཀའ་ཤོས་དེ་ ལེགས་ཤོམ་སྦེ་ མཇལ་བ་ཅིན་ སྙན་ཞུའི་ལས་རིམ་ག་ར་ ཚུད་དེ་ཡོད་ཟེར་ གསུངས་པའི་ཁར་ སྙན་ཞུའི་ལས་རིམ་ཚུ་ག་ར་ ལག་ལེན་འཐབ་ཚུགས་ག་ ད་ལྟོ་ སླབ་མི་ཤེས་ཟེར་ གསུངསམ་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་སྤྲོད་མི་ སྙན་ཞུ་དེ་ བཅའ་ཁྲིམས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་གཞན་དང་འཁྲིལ་ཏེ་ མེད་པ་ཅིན་ ལན་འཚོལ་ཞིབ་འབད་དགོཔ་ལས་ ད་ལྟོ་ ལྷན་ཚོགས་ཀྱིས་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་བཞིན་དུ་ ཁོང་གིས་ ལེགས་ཤོས་སྦེ་ བརྟག་ཞིབ་དང་ དབྱེ་དཔྱད་འབད་དེ་ གཞུང་ལུ་ཕུལ་འོང་ཟེར་ཨིན་པས།

ལས་བྱེད་ཚོགས་ཆུང་གིས་ འབྲུག་གི་དུས་རབས་༢༡ པའི་དཔལ་འབྱོར་མདུན་ལམ་ནང་ གྲོས་འདེབས་ལེ་ཤ་ ཕུལ་ཡོད་མི་ལས་༡ དུས་རབས་༢༡ པའི་ནང་ ཚོང་འབྲེལ་དང་ ཚོང་ལཱ་ཚུ་ལུ་ ལྷན་ཐབས་འབད་ནིའི་དོན་ལས་ གཞུང་གིས་ ཌི་ཇི་ཊཱལ་མཐུན་རྐྱེན་ནང་ མ་རྩ་བཙུགས་དགོཔ་སྦེ་ གྲོས་འདེབས་ཕུལ་ནུག།

ད་ལྟོའི་ མཁོ་སྒྲུབ་དང་ ཁག་འབག་ལམ་ལུགས་དེ་གིས་ བཟོ་སྐྲུན་གོང་འཕེལ་གཏང་ནི་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ ལམ་ལུགས་བསྐྱར་ཞིབ་འབད་དགོ་པའི་ཁར་ གཞུང་གིས་ བཟོ་སྐྲུན་ལས་སྡེ་ གོང་འཕེལ་གཏང་ནིའི་དོན་ལུ་ མཁོ་སྒྲུབ་ལམ་ལུགས་གདམ་ཁ་ གཞན་བལྟ་དགོ་པའི་ གྲོས་འདེབས་ཕུལ་ཏེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *