༉ ཁ་ཙ་ ཐིམ་ཕུག་ལུ་ འཛམ་གླིང་དངུལ་ཁང་གིས་ སྤྱི་ལོ་༢༠༡༧ ཟླ་༩ པའི་ འབྲུག་གི་དཔལ་འབྱོར་གནས་སྡུད་ཟེར་མི་ཅིག་ གསར་བཏོན་འབད་ཡི།
འཛམ་གླིང་དངུལ་ཁང་གི་ གནས་བཞུགས་སྐུ་ཚབ་ ཡོའི་ཅི་རོ་ ཨི་ཤི་ཧ་ར་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༧ གྱི་ལོ་ཕྱེད་ནང་ འབྲུག་གིས་ རྒྱ་ཁྱབ་ཆེ་བའི་ དཔལ་འབྱོར་རྒྱུན་བརྟན་དེ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ཡོདཔ་ཨིན་རུང་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་འཕྲུལ་ཁང་ཚུ་ ཡུན་འགྱངས་སྦེ་ ལུས་མི་ལུ་བརྟེན་ མ་འོངས་པར་ དཔལ་འབྱོར་གོང་འཕེལ་ལུ་ བར་ཆད་རྐྱབ་ནི་མས་ཟེར་ཨིན་པས།
མ་གཞི་ དཔལ་འབྱོར་གྱི་དོན་ལུ་ གློག་མེ་འཕྲུལ་ཁང་ཚུ་ གལ་གནད་ཅན་ཅིག་སྦེ་ བརྩི་འཇོག་འབད་དེ་ཡོད་རུང་ གློག་མེ་འཕྲུལ་ཁང་ མཇུག་བསྡུ་ནི་ལུ་ ཡུན་འགྱངས་སྦེ་ ལུས་མི་ལུ་བརྟེན་ དཔལ་འབྱོར་གནས་སྟངས་ ཡར་འཕར་འགྱོ་ནི་དང་ འོང་འབབ་ དེ་ལས་ ཕྱིར་ཚོང་འཐབ་ནི་ལུ་ ཐོ་ཕོག་ནི་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༨ ནང་ དཔལ་འབྱོར་གྱི་ འཕེལ་ཚད་དེ་ བརྒྱ་ཆ་༦.༩ དེ་ཅིག་ ཡར་འཛེགས་ནི་བཟུམ་ཅིག་འདུག་ཟེར་ དམིགས་ཚད་འབད་ཡོདཔ་ད་ སྐྱིན་འགྲུལ་ལེན་ནིའི་ ཚད་གཞི་དེ་ ལེགས་ཤོམ་ཡོད་པའི་ཁར་ ཉོ་སྤྱོད་གནས་གོང་གི་རྩིས་དཔྱད་དང་ ཕྱི་དངུལ་གྱི་གོང་ཚད་ རྒྱལ་སྤྱི་གསོག་འཇོག་ཡོངས་འབོར་ལུ་ལྟཝ་ད་ རྒྱ་ཁྱབ་ཆེ་བའི་ དཔལ་འབྱོར་དེ་ བརྟན་ཏོག་ཏོ་སྦེ་འདུག་ཟེར་ གནས་བཞུགས་སྐུ་ཚབ་ ཡོའི་ཅི་རོ་ ཨི་ཤི་ཧ་ར་གིས་ བཤད་ཅི།
འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ ཉོ་སྤྱོད་གནས་གོང་རྩིས་དཔྱད་དེ་ བརྒྱ་ཆ་༤.༩ དེ་ཅིག་ ཡར་སེང་སོང་སྟེ་ཡོདཔ་བཞིན་དུ་ རྒྱལ་སྤྱི་གསོག་འཇོག་ཡོངས་འབོར་དེ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡ ལས་ལྷག་ཡོད་མི་དེ་ ཟླཝ་༡༠ དེ་ཅིག་ནང་ ཅ་ཆས་དང་ཞབས་ཏོག་ ནང་འདྲེན་འབད་མི་དང་ འདྲན་འདྲ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ ལུ་ ཡུ་ཨེསི་ཌོ་ལར་དང་འཁྲིལ་ ཕྱི་དངུལ་བརྗེ་སོར་གྱི་ གནས་སྟངས་དེ་ དུམ་གྲ་ཅིག་ ལེགས་ཤོམ་འདུག་ཟེར་ འཛམ་གླིང་དངུལ་ཁང་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཨིན་རུང་ རྒྱ་ཁྱབ་ཆེ་བའི་ དཔལ་འབྱོར་གནས་སྟངས་དེ་ ཧེ་མའི་ ཟླཝ་༦ བཟུམ་སྦེ་ ལེགས་ཤོམ་མེདཔ་ཨིན་པས།
ཡོའི་ཅི་རོ་ ཨི་ཤི་ཧ་ར་གིས་ སླབ་མིའི་ནང་ སྤུ་ན་གཙང་ཆུ་གློག་མེ་འཕྲུལ་ཁང་དང་པ་དང་༢ པའི་ ལས་འགུལ་༢ པོ་དེ་ ལྷག་པར་དུ་ ཡུན་འགྱངས་ལུས་པ་ཅིན་ དཔལ་འབྱོར་ཡར་འཕར་དང་ ཕྱིར་ཚོང་ དེ་ལས་ གཞུང་གི་ འོང་འབབ་ལུ་ཡང་ ཐོ་ཕོག་ནི་མས་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།