འབྲུག་གི་དངུལ་ཁང་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་།

སྤྱི་ལོ་༡༩༦༨ ཟླ་༥ པའི་ཚེས་༢༨ ལུ་ མི་དབང་འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ནང་ འབྲུག་གི་དངུལ་ཁང་འགོ་དང་པ་ གཞི་བཙུགས་གནངམ་དང་འབྲེལ་ མི་དབང་ཞིང་གཤེགས་དམ་པ་མཆོག་གི་ མཚན་ཐོ་ལུ་ དངུལ་ཁང་གི་ རྩིས་ཁྲ་དང་པ་ ཁ་ཕྱེ་གནང་སྟེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་དེ་ ཁ་ཙ་ ཐིམ་ཕུག་ལུ་ བརྩི་སྲུང་འབད་ཡི།

འབྲུག་གི་དངུལ་ཁང་གིས་ དུས་སྟོན་བརྩི་སྲུང་དང་འབྲེལ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་ལུ་ གུས་བཏུད་ཞུ་ཡོདཔ་ད་ མི་དབང་ཞིང་གཤེགས་དམ་པ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ དཔལ་འབྱོར་ཡར་དྲག་གཏང་ནི་དང་ མི་ཚུ་གི་ཏི་རུ་ གསོག་འཇོག་འབད་ནི་ལུ་ གོམས་སྦྱང་ཚུད་བཅུག་ནི་ དེ་ལས་ ཁྱིམ་མཚེས་རྒྱལ་ཁབ་ཀྱིས་མ་དོ་བར་ རྒྱལ་ཁབ་གཞན་ཚུ་དང་ ཚོང་འབྲེལ་འཐབ་ནི་ལུ་དམིགས་ཏེ་ དངུལ་ཁང་དེ་ གཞི་བཙུགས་འབད་ནུག།

དེ་བསྒང་ དངུལ་ཁང་དེ་ མ་རྩ་དང་ གསོག་འཇོག་མ་དངུལ་ཟེར་རུང་ དངུལ་ཀྲམ་ས་ཡ་༢.༥༠ གནས་པའི་ ཏིག་ཅུང་ཐོག་ལས་ ཕུན་ཚོགས་གླིང་ལུ་ འབྲུག་མི་ལས་བྱེདཔ་༣ དང་བཅསཔ་སྦེ་ འགོ་བཙུགས་པའི་ཤུལ་ལས་ཚོང་འབྲེལ་པ་དང་ གཞུང་གཡོགཔ་ དེ་ལས་ ཚོང་པ་བརྩིས་ཏེ་ མི་གྲངས་༢༠ གིས་ དངུལ་ཁང་ནང་ རྩིས་ཁྲ་ཁ་ཕྱེ་ཡོདཔ་བཞིན་དུ་ ད་ལྟོ་ རྒྱལ་ཁབ་ནང་འཁོད་ལུ་ དངུལ་ཁང་གི་ གསོག་འཇོག་རྩིས་ཁྲ་འཆང་མི་༢༥༠,༠༠༠ དེ་ཅིག་ ཡོདཔ་ཨིན་པས།

འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་ པདྨ་ཨེན་ན་དིག་གིས་ སླབ་མིའི་ནང་ འབྲུག་གི་དངུལ་ཁང་དེ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ གོང་འཕེལ་གྱི་ ལས་སྣ་ཚུ་ནང་ ལྷན་ཐབས་འབད་བཞིན་དུ་ཡོདཔའི་ཁར་ དངུལ་ཁང་གི་ གྲུབ་འབྲས་གཙོ་ཅན་༡ པོ་དེ་ རྒྱལ་ཁབ་ཀྱི་ གོང་འཕེལ་དང་ མི་སེར་ཚུ་ལུ་ དངུལ་འབྲེལ་ཞབས་ཏོག་ དགོས་མཁོ་བྱུངམ་ད་ དུས་ཚོད་ཁར་ ཕུལ་ཚུགས་མི་དེ་ཨིན་ཟེར་ཨིན་པས།

སྤྱི་ལོ་༡༩༧༨ ལུ་ དངུལ་ཁང་གི་ ཡན་ལག་༧ ཡོད་མི་ལས་ ད་ལྟོ་ རྒྱལ་ཁབ་ནང་འཁོད་ལུ་ ཡན་ལག་ཡིག་ཚང་༤༨ དང་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨམ་༩༩ དེ་ལས་ དངུལ་ཁང་གི་ཞབས་ཏོག་༢༡༣ དེ་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ད་ དངུལ་ཁང་གི་ལས་བྱེདཔ་༧༥༠ དེ་ཅིག་ཡོདཔ་ཨིན་པས།

གཞི་བཙུགས་ཀྱི་ ཉིནམ་དེ་ཡང་ དགའ་སྐྱིད་དང་ ཆ་མཐུནམ་སྦེ་ ཞབས་ཏོག་ཞུ་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་འབད་ཡོདཔ་ད་ སྤྱི་ལོ་༡༩༦༩ ལུ་ དངུལ་ཁང་གིས་ འོང་འབབ་དངུལ་ཀྲམ་༤༦,༩༧༤ བཟོ་མི་ལས་ ན་ཧིང་ འོང་འབབ་དངུལ་ཀྲམ་ས་ཡ་༧༠༠ བཟོ་མི་དེ་གིས་ དངུལ་ཁང་དེ་ ལོ་ངོ་༥༠ ནང་འཁོད་ལུ་ ག་དེ་སྦེ་ ཡར་འཕེལ་དང་ རྒྱ་སྐྱེད་སོང་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་ཨིན་པས།

ད་རེས་ནངས་པར་ དངུལ་ཁང་དེ་གི་ ཞབས་ཏོག་ཚུ་ཡང་ ཡོངས་འབྲེལ་དང་ མོ་བཱ་ཡེལ་ ཨེའི་ཨེམ་ཨེསི་ལ་སོགས་པ་ཚུ་ལས་ ཐོབ་ཚུགསཔ་ཨིན་པས།

སྐུ་མགྲོན་གཙོ་བོ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ན་ཧིང་ འབྲུག་གི་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༧༠༠ ལས་ལྷག་སྟེ་ འོང་འབབ་བཟོ་ཚུགས་པའི་ འོས་འབབ་ཡོད་རུང་ སྐྱེད་ཀྱི་ཚད་གཞི་ མར་ཕབ་འབད་མི་ལུ་བརྟེན་ བཟོ་མ་ཚུགས་རུང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ ལོ་༡ གི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡.༧༥༠ དེ་ཅིག་ ཁེ་ཕན་ཐོབ་ནུག་ཟེར་ཨིན་པས།

ད་རེས་ སྐྱིན་འགྲུལ་ལེན་མིའི་ གྱངས་ཁ་ལེ་ཤ་ཡོད་པའི་ཁར་ འབྲུག་གི་དངུལ་ཁང་དང་ དངུལ་ཁང་གཞན་ཚུ་གིས་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ འགོ་བཙུགས་མི་ལུ་བརྟེན་ གྲོང་གསེབ་ཚུ་ནང་ སྡོད་མི་ཚུ་གིས་ཡང་ སྐྱིན་འགྲུལ་གྱི་ ཞབས་ཏོག་ཚུ་ འཐོབ་ནི་ལུ་ གོ་སྐབས་སྦོམ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ད་རེས་ནངས་པར་ རྒྱལ་ཁབ་ནང་ དངུལ་ཁང་༥ དང་ སྐྱིན་འགྲུལ་གྱི་ ཞབས་ཏོག་བྱིན་མི་༣ ཡོདཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་བརྟེན་ དངུལ་འབྲེལ་གྱི་ སྟོབས་ཤུགས་དེ་ ལོ་གཅིག་བ་ལོ་གཅིག་ སྒྲིང་སྒྲི་འགྱོ་དོ་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ རྒེད་འོག་༢༠༥ ལས་ རྒེད་འོག་༢༠༠ ནང་ དངུལ་ཁང་གི་ ཞབས་ཏོག་ཚུ་ ལྷོད་དེ་ཡོདཔ་བཞིན་དུ་ དངུལ་ཁང་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ བརྒྱ་ཆ་༥ དེ་ཅིག་ ལྷན་ཐབས་འབདཝ་ཨིན་ཟེར་ཨིན་པས།

ཉིནམ་བརྩི་སྲུང་སྐབས་ འབྲུག་གི་དངུལ་ཁང་གི་ ཚོང་འབྲེལ་མཉམ་འབྲེལ་པ་དང་ ལས་བྱེདཔ་བགྲེསཔ་ཚུ་ལུ་ ངོས་འཛིན་གྱི་  རྟགས་མ་དང་ དངུལ་ཁང་དེ་གིས་ མ་འོངས་པར་ ཟམ་བཟུམ་ཅིག་སྦེ་ ཞབས་ཏོག་འཕྲོ་མཐུད་ཞུ་ནི་ཟེར་བའི་ དཔེ་དེབ་ཅིག་ཡང་ གསར་གཏོན་འབད་ཡི།

འབྲུག་གི་དངུལ་ཁང་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་འོག་ལུ་ བྱ་སྒོ་འཐབ་མི་ ཚོང་སྡེ་ཅིག་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *