འབྲུག་གི་དངུལ་ཁང་གི་ འཛིན་སྐྱོང་མདོ་ཆེན་ པདྨ་ན་དིག་གིས་ ཚོང་འབྲེལ་ངོ་ཚབ་ཀྱི་ བརྡ་བྱང་གསལ་སྟོན་འབད་བའི་བསྒང་།

འབྲུག་གི་དངུལ་ཁང་གིས་ ཁོང་རའི་ ཚོང་འབྲེལ་ངོ་ཚབ་ཚུ་ ངོས་འཛིན་འབད་ཡོདཔ།

༉ ཁ་ཙ་ འབྲུག་གི་དངུལ་ཁང་གིས་ དངུལ་འབྲེལ་མཐུན་རྐྱེན་དང་ཞབས་ཏོག་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཡར་སེང་འབད་ནི་དང་ དམིགས་བསལ་དུ་ སྐྱིན་འགྲུལ་ཚོང་ལམ་བགོ་བཤའི་ ཚོང་འབྲེལ་གྱི་གོ་སྐབས་ཡར་དྲག་གཏང་ཐབས་ལུ་ ཚོང་འབྲེལ་གྱི་ངོ་ཚབ་ཚུ་ ངོས་འཛིན་འབད་ཡི།
ཚོང་འབྲེལ་ངོ་ཚབ་དེ་ཡང་ དངུལ་འབྲེལ་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ དངུལ་ཁང་གི་ཚབ་སྦེ་ སྒེར་པ་ངོ་རྐྱང་ཚུ་གིས་ ཚོང་བསྒྲགས་འབད་ནི་ཨིནམ་མ་ཚད་ དངུལ་འབྲེལ་གྱི་ མཐུན་རྐྱེན་མེད་ས་ལས་ཕར་ཡང་ ཁོང་གིས་ ཁྱབ་སྤེལ་གཏང་ནི་ཨིན་པས།
ངོ་ཚབ་ཚུ་ལུ་བརྟེན དངུལ་འབྲེལ་གྱི་སྐོར་ལས་ ཐད་ཀར་གོ་བ་བརྡ་སྤྲོད་འབད་ཚུགས་ནི་ཨིནམ་མ་ཚད་ མི་ཚུ་ལུ་ རང་རྐྱང་གི་ ལཱ་གཡོག་དང་ ཚོང་མགྲོན་པ་ཚུ་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ནི་ཨིན་པས།
ཁ་ཙ་ ཚོང་འབྲེལ་ངོ་ཚབ་ ངོས་འཛིན་འབད་མི་དང་འབྲེལ་ འབྲུག་གི་དངུལ་ཁང་གིས་ ཚོང་འབྲེལ་ངོ་ཚབ་དག་པ་ཅིག་ལུ་ ངོས་འཛིན་གྱི་ ཤོག་སྦྱང་ཚུ་བྱིན་ཡོད་པའི་ཁར་ ཚོང་འབྲེལ་ངོ་ཚབ་ཚུ་ཡང་ དངུལ་ཁང་གི་ ལས་བྱེདཔ་ཚུ་མེནམ་ལས་ ལཱ་ཚུ་ཡང་ ཁེ་འཐུས་དང་འཁྲིལ་ཏེ་ འབད་ནི་ཨིན་པས།
འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་འགོ་དཔོན་ པདྨ་ཨེན་ ན་དིཊ་གིས་ སླབ་མིའི་ནང་ ཚོང་འབྲེལ་ངོ་ཚབ་ གཞི་བཙུགས་འབད་མི་དེ་ཡང་ དངུལ་འབྲེལ་ཀྱི་སྐོར་ལས་ ཤེས་ཡོན་ཡར་དྲག་གཏང་ནི་དང་ ད་རེས་ནངས་པར་ མི་ཚུ་གིས་ སྐྱིན་འགྲུལ་ལེན་པར་ དངུལ་ཁང་ནང་ ཐེ་ཚོམ་ཆགས་ཏེ་ འོང་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ དངུལ་འབྲེལ་དུས་སྟོན་ཅིག་ འགོ་འདྲེན་འཐབ་པའི་སྐབས་ མི་ཚུ་གིས་ དངུལ་འབྲེལ་སྐོར་ལས་ དྲི་དཔྱད་འབད་མི་ ལེ་ཤ་ཐོན་མི་ལུ་བརྟེན་ ཚོང་འབྲེལ་ངོ་ཚབ་ཚུ་ བཀལ་ཡོདཔ་བཞིན་དུ་ ཁོ་གིས་ ཚོང་མགྲོན་པ་ཚུ་དང་ འབྲེལ་བ་འཐབ་ཞིནམ་ལས་ དངུལ་འབྲེལ་ཞབས་ཏོག་གི་ ཤེས་ཡོན་ཚུ་ སྤེལ་འོང་ཟེར་ བཀོད་ཁྱབ་འགོ་དཔོན་གྱིས་ བཤད་ཅི།
ད་རེས་ ཚོང་འབྲེལ་ངོ་ཚབ་༨༠ དེ་ཅིག་ ཐོ་བཀོད་འབད་དེ་ཡོདཔ་ད་ ཚོང་འབྲེལ་ངོ་ཚབ་འབད་དགོ་པ་ཅིན་ འབྲུག་མི་སྐྱེས་ལོ་༢༥ ཡན་ཆད་འབད་བའི་ཁར་ བརྡ་སྤྲོད་ཀྱི་ རིག་རྩལ་ལེགས་ཤོམ་ཡོད་མི་ཚུ་གིས་ ཐོ་བཀོད་འབད་ཚུགས་ནི་ཨིན་པས།
ཚོང་འབྲེལ་ངོ་ཚབ་ པདྨ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལཱ་དེ་ལུ་བརྟེན་ མི་སེར་ཚུ་ལུ་ དངུལ་འབྲེལ་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཚུགས་པའི་ཁར་ འོང་འབབ་ཡང་ ལེགས་ཤོམ་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ མི་ཚུ་གིས་ ལཱ་ཁག་སྦེ་ དངུལ་ཁང་ནང་ སྐྱིན་འགྲུལ་ཞུ་བར་ འགྱོ་མ་དགོ་པར་ ཁོང་གིས་འབད་ཚུགས་ནི་ཨིནམ་ལས་ ཚོང་མགྲོན་པ་དང་ ཁོ་ལུ་ཡང་ ཁེ་ཕན་སྦོམ་འདུག་ཟེར་ཨིནམ་བཞིན་དུ་ དངུལ་ཁང་གིས་ ཚོང་འབྲེལ་པ་ཚུ་ལུ་ དངུལ་འབྲེལ་དང་འབྲེལ་བའི་ གཞི་རྟེན་སྦྱོང་བརྡར་ ཉིན་གྲངས་༢ དེ་ཅིག་ འབད་ནུག།
པདྨ་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོང་རའི་འགན་ཁུར་ གཙོ་བོ་ར་ མི་ཚུ་གིས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་རེ་ ལེན་དགོ་པ་ཅིན་ མི་ཚུ་དངུལ་ཁང་ནང་ འགྱོ་མ་དགོ་པར་ སྐྱིན་འགྲུལ་གྱི་ ཡིག་ཆའི་ལཱ་ག་ར་ ངོ་ཚབ་ཚུ་གིས་འབད་བྱིན་ནི་ཨིན་རུང་ ཏི་རུ་ལེན་ནིའི་དོན་ལུ་ ངོ་རྐྱང་སྦེ་ དངུལ་ཁང་ནང་ འགྱོ་དགོཔ་ཨིན་པས།
རང་གིས་ར་ ལཱ་འབད་ཚུགས་པ་ཅིན་ འོང་འབབ་ཡང་ ལེགས་ཤོམ་འཐོབ་ཚུགས་ནི་མས་ཟེར་ཨིནམ་ད་ མི་ཚུ་གིས་ སྐྱིན་འགྲུལ་ག་དེམ་ཅིག་ལེནམ་ཅིག་ ངོ་ཚབ་ཚུ་གིས་ དེ་དང་འཁྲིལ་ཏེ་ ཁེ་འཐུས་ཚུ་ འཐོབ་ཚུགས་ནི་ཨིནམ་ད་ ད་རེས་ དངུལ་ཁང་ནང་ སྐྱིན་འགྲུལ་གྱི་ དབྱེ་ཁག་མ་འདྲཝ་༡༧ དེ་ཅིག་འདུག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *