འབྲུག་གི་གེ་ཟ་ཚུ་ ཆང་བཟོ་ཁང་ནང་ ཚོང་འབྲེལ་འཐབ་ནིའི་འོས་འབབ།

༉ འབྲུག་ནང་འཁོད་ལས་ ཐོན་སྐྱེད་འབད་མི་ གེ་ཟ་ཚུ་ ཚོང་འབྲེལ་འབད་ཐབས་ལུ་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱིས་ དུས་ཅིའི་གནམ་དགུན་ལས་ དགེ་ལེགས་ཕུག་བསམ་བརྟན་གླིང་ལུ་ འབྲུག་བརྒྱ་འཁོར་ཆང་བཟོ་འཕྲུལ་ཁང་ནང་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ནི་ཨིན་པས།
དགེ་ལེགས་ཕུག་་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེའི་ ལུང་ཕྱོགས་མདོ་ཆེན་ ཆོས་ཉིད་དོན་གྲུབ་གྱིས སླབ་མིའི་ནང་ དར་དཀར་ནང་ལས་ གེ་ཟ་སྣུམ་འཁོར་ཊཱག་ དག་པ་ཅིག་ མོ་བཏབ་ཀྱི་དོན་ལུ་ ཆང་བཟོ་ཁང་ནང་ སྐྱེལ་འདྲེན་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་ཁུངས་ཀྱི་ འགོ་དཔོན་དང་ དར་དཀར་ནང་རྫོང་ཁག་གི་ སོ་ནམ་འགོ་དཔོན་འོགམ་ དེ་ལས་ ལུང་ཕྱོགས་མཉམ་ལས་ཚོགས་སྡེའི་ འགོ་དཔོན་ཚུ་ འབྲུག་བརྒྱ་འཁོར་ཆང་བཟོ་ཁང་ནང་ གེ་ཟའི་ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ནི་གི་དོན་ལས་ འོས་འབབ་ཚུ་ བརྟག་ཞིབ་འབད་བར་ སོང་ཡི་ཟེར་ཨིན་པས།
གེ་ཟ་ཚུ་ ག་དེ་སྦེ་ བཀྲམ་སྤེལ་འབད་ནི་ཨིན་ནའི་སྐོར་ལས་ འཕྲལ་མགྱོགས་ར་ ཆེ་མཐོ་གནས་རིམ་གྱིས་ རྫོང་ཁག་དང་ ཆང་བཟོ་ཁང་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ གྲོས་ཐག་བཅད་འོང་ཟེར་ མདོ་ཆེན་གྱིས་ བཤད་ཡོདཔ་ད་ ལས་སྡེ་གིས་ རྫོང་ཁག་གཞན་ཚུ་ལུ་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་འབད་མི་ གེ་ཟ་ཚུ་ ཆང་བཟོ་ཁང་ནང་ བཀྲམ་སྤེལ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཆང་བཟོ་ཁང་ནང་ གེ་ཟ་མཁོ་བཀོད་ཀྱི་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ཆང་བཟོ་ཁང་དེ་གིས་ ཉིན་བསྟར་བཞིན་དུ་ གེ་ཟ་མེ་ཊིག་ཊཱོན་༧༠-༨༠ དེ་རེ་ ལག་ལེན་འཐབ་མས་ཟེར་ཨིན་པས།
དར་དཀར་ནང་གི་ སོ་ནམ་འགོ་དཔོན་ པ་སངས་ཚེ་རིང་གིས་འབད་བ་ཅིན་ ལས་ཁུངས་ཀྱིས་ བརྟག་ཞིབ་འབད་མི་དགོ་དེ་ཡང་ གེ་ཟ་ལག་ལེན་ལུ་ གཙོ་རིམ་བཟུང་ཐབས་ལུ་ཨིནམ་ད་ ཚོང་འབྲེལ་འཐབ་སའི་ ས་གོ་མེད་མི་ལུ་བརྟེན་ ད་རེས་ནངས་པར་ སོ་ནམ་པ་ཚུ་གིས་ གེ་ཟའི་ལཱ་ལུ་ རྒྱ་ཆེ་དྲགས་སྦེ་ འབད་ནི་མེད་པའི་ཁར་ གེ་ཟ་འཛུགས་སྐྱོང་འབད་རུང་ སེམས་ཅན་ལུ་ བྱིན་ནི་དང་ རང་སྤྱོད་ནིའི་དོན་ལུ་རྐྱངམ་གཅིག་ འབདཝ་མས་ཟེར་ཨིན་པས།
ད་ལས་ཕར་ གེ་ཟའི་ཚོང་ལམ་ཡོད་པའི་སྐོར་ལས་ སོ་ནམ་པ་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ དར་དཀར་ནང་རྫོང་ཁག་རྐྱངམ་གཅིག་གིས་ གེ་ཟ་མེ་ཊིག་ཊཱོན་༦,༣༨༥ ཐོན་སྐྱེད་འབད་ཡོད་ད་ བུམ་ཐང་དང་ མགར་ས་རྫོང་ཁག་༢ མ་བརྩིས་བར་ རྫོང་ཁག་༡༨ ཀྱིས་ སྤྱི་ལོ་༢༠༡༥ ལུ་ གེ་ཟ་མེ་ཊིག་ཊཱོན་༨༣,༧༡༤ ཐོན་སྐྱེད་འབད་ནུག།
ཆང་བཟོ་ཁང་ནང་ ད་རེས་ གེ་ཟ་ཚུ་ཡང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་མེན་པར་ རྒྱ་གར་བི་ཧར་དང་ ནུབ་བེང་གཱལ་ལས་ ནང་འདྲེན་འབད་དེ་ ལག་ལེན་འཐབ་མས་ཟེར་ བརྟག་ཞིབ་སྙན་ཞུ་ནང་ བཀོད་ནུག།
འགོ་དཔོན་ཚུ་གིས་འབད་བ་ཅིན་ གེ་ཟ་འཛུགས་སྐྱོང་འབད་མི་དང་ ཆང་བཟོ་ཁང་༢ ཀྱི་བར་ན་ འབྲེལ་བ་མེད་མི་ལུ་བརྟེན་ ནང་འཁོད་ཀྱི་ གེ་ཟ་ཚུ་ ལག་ལེན་འཐབ་མ་ཚུགས་པས་ཟེར་ཨིནམ་ད་ བཟོ་གྲྭ་ཁང་ནང་འབད་རུང་ སྤུས་ཚད་་ཅན་གྱི་ གེ་ཟ་ཚུ་ དགོཔ་འདུག་ཟེར་ཨིན་པས།
སྙན་ཞུ་ནང་ བསྟན་སྲུང་ཕན་བདེ་ལས་འགུལ་གྱིས་ ཅ་ཆས་མཁོ་སྒྲུབ་རྐྱངམ་གཅིག་ལུ་ར་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༩༠ དང་༤༠༠ དེ་ཅིག་ བཏང་དོ་ཡོདཔ་ལས་ གལ་སྲིད་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ ལག་ལེན་འཐབ་ཚུགས་པ་ཅིན་ ཆང་གི་སྤུས་ཚད་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་བཀོད་ནུག།
དེ་མ་ཚད་ ནང་འཁོད་ཀྱི་ གེ་ཟའི་ཁུ་བ་ཚུ་ལུ་བརྟེན་པའི་ ཆང་ཝིསི་ཀེ་ ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།
ཆང་བཟོ་གྲྭ་ཁང་གིས་ ད་རེས་ནངས་པར་ ཆང་བཟོ་ནིའི་དོན་ལུ་ གེ་ཟ་དང་ ཆུམ་ཆག་ཆགཔ་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་ད་ ཕྱེ་འཐག་པའི་སྐབས་དང་ ཆང་བཟོཝ་ད་ གེ་ཟ་ལས་ ཆུམ་དྲག་དོ་ཡོདཔ་མ་ཚད་ གོང་ཚད་ལས་འབད་རུང་ དུམ་གྲ་ཅིག་ ཆུམ་ཁེ་བས་ཟེར་ཨིན་པས།
ཉིནམ་༡ ནང་ གེ་ཟ་མེ་ཊིག་ཊཱོན་༩༠ རྐྱངམ་གཅིག་ བཟོ་བསྒྱུར་འབདཝ་ཨིན་རུང་ ཆུམ་དེ་ མེ་ཊིག་ཊཱོན་༡༢༠ ལག་ལེན་འཐབ་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ སྙན་ཞུ་ནང་ བཀོད་ཡོདཔ་ད་ ཆང་བཟོ་ཁང་ནང་ གེ་ཟ་དང་ ཆུམ་བཞག་ནིའི་དོན་ལུ་ ཤོང་ཚད་མེ་ཊིག་ཊཱོན་༧༥༠ འབད་མི་ མཛོད་ཁང་༢ ཡོདཔ་བཞིན་དུ་ གལ་སྲིད་ མཛོད་ཁང་གང་སོ་པ་ཅིན་ གནས་སྐབས་ཀྱི་ མཛོད་ཁང་ནང་ བཞག་དོ་ཡོདཔ་ཨིན་པས།
གེ་ཟ་དེ་ མཛོད་ཁང་ནང་ བཞག་ནིའི་དོན་ལུ་ རློན་གཤེར་བརྒྱ་ཆ་༡༤ དགོཔ་ཨིན་རུང་ བཟོ་བསྒྱུར་འབད་ནི་ལུ་ བརྒྱ་ཆ་༡༠-༡༡ དགོ་ནི་ཨིནམ་ད་ སྦྱར་རྩི་ལེ་ཤ་ཡོད་པ་ཅིན་ གྲུབ་འབྲས་ཡང་ མངམ་ཐོན་སྐྱེད་འབད་ཚུགས་དོ་ཡོདཔ་ཨིན་པས།
ཚན་རིག་བརྟག་དཔྱད་འབད་མི་དང་འཁྲིལཝ་ད་ ནང་འཁོད་ཀྱི་ གེ་ཟ་ཚུ་ནང་ སྦྱར་རྩི་བརྒྱ་ཆ་༦༠ ལྷགཔ་སྦེ་འདུག་ཟེར་ཨིནམ་ད་ འབྲུག་པའི་ གེ་ཟ་ཚུ་ སྤྱི་ཟླ་༡༠ པ་ལས་མ་གཏོགས་ བཀྲམ་སྤེལ་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ ཆང་བཟོ་ཁང་གིས་ གེ་ཟ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དེ་རེ་ བྱིན་དོ་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ གོང་ཚད་ཡར་སེང་འབད་ནི་བཟུམ་ཅིག་ཡོད་ཟེར་ སྙན་ཞུའི་ནང་ བཀོད་ནུག།
དུས་ཅི་ སྤྱི་ཟླ་༧ པའི་ནང་ རྒྱལ་སྤྱིའི་གོང་ཚད་ གེ་ཟ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠.༣༤ ཡོདཔ་བཞིན་དུ་ གེ་ཟའི་རིན་ཚུ་ཡང་ བཟོ་གྲྭ་ཁང་གིས་ དངུལ་རྐྱང་ཐོག་ལས་ སྤྲོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *