སྤུ་ན་ཁའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ།

འབྲུག་གི་ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ངོ་སྤྲོད་ཕུལ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ནང་ དཔྱད་ཡིག་འགོ་འཛིན་པ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མ་ ངོ་སྤྲོད་ཕུལ་ཞིནམ་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ དྲི་བ་བཀོད་མི་ལུ་ དོགས་སེལ་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་དང་ སྤ་རོའི་འཐུས་མི་ ཨྱོན་ཚེ་རིང་གིས་ སྣུམ་འཁོར་ནང་འདྲེན་ བཀག་འཛིན་འབད་ཡོད་པའི་ཁར་ ད་ལྟོ་ བསྟར་སྤྱོད་འབད་མི་ཚུ་ སྣུམ་འཁོར་རྙིངམ་ཐལ་ཏེ་འདུག་ཟེར་ཞུ་ཡི།
གལ་སྲིད་ སྣུམ་འཁོར་གསརཔ་མཁོ་བསྒྲུབ་འབད་བ་ཅིན་ བཅའ་དམ་ཁྲལ་དང་ བཙོང་ཁྲལ་ དེ་ལས་ སྔོ་ལྗང་ཁྲལ་ཚུ་བཀལ་བའི་སྐབས་ མི་སེར་ཉམ་ཆུང་ཚུ་གིས་ ཉོ་མི་ཚུགས་ནི་ཨིན་རུང་ རྒྱུ་སྟོབས་ཡོད་མི་ཚུ་ལུ་ དཀའ་ངལ་མི་འཐོན་ཟེར་ཞུ་ཡི།
གལ་སྲིད་ སྣུམ་འཁོར་བཀག་འཛིན་འབད་མི་གིས་ ཕྱིའི་མ་དངུལ་ག་དེམ་ཅིག་ གསོག་འཇོག་འབད་ཚུགས་ནི་ཨིན་ན་དང་ སྣུམ་འཁོར་ནང་འདྲེན་འབད་ནི་དེ་ ཡངས་ཆག་གཏང་འོང་ག་ཟེར་ དྲི་བ་ཞུ་ཡི།
གསར་སྤང་གི་འཐུས་མི་ ཨཱ་ནན་རའེ་གིས་ ཞུ་མིའི་ནང་ ཁྲལ་གཞི་བསྒྱུར་འབད་མི་དེ་གིས་ གཞུང་དང་ མི་སེར་ག་ལུ་ ཁེ་ཕན་འོང་ནི་ཨིན་ན་ཟེར་ དྲི་བ་ཞུ་ཡི།
ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་གིས་ ད་ལྟོའི་གནས་སྟངས་ནང་ ཅ་ཆས་ག་ར་གི་ ཁྲལ་ཡར་སེང་འབད་དགོཔ་འདུག་ག་ཟེར་ ཞུ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ ལེགས་ཤོམ་མེད་པའི་སྐབས་ གོ་སྐབས་ཡང་ མེད་པའི་ཁར་ མི་སེར་ཚུ་ སེམས་ཤུགས་མེད་པར་སྡོད་པའི་སྐབས་ འབྲུག་མི་སྟོང་ཕྲག་ལས་བཅད་དེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་མི་འདུག་ཟེར་ཞུ་ཡི།
དཔེ་འབད་བ་ཅིན་ ད་རེས་ཀྱི་ ཁྲལ་གྱི་དཔྱད་ཡིག་ནང་ ཤའི་ཐད་ཁར་ བརྒྱ་ཆ་༣༠ ཁྲལ་བཀལ་མི་དེ་གིས་ ཤ་ཚོང་རྐྱབ་སྡོད་མི་ཚུ་གི་ ཚ་གྱང་གཙོ་བོ་ར་ ཤ་ཉོ་མི་འཐོན་འོང་ག་ཟེར་དང་ ཁེ་སང་ག་དེ་སྦེ་བཏོན་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་འདུག་ཟེར་ཞུ་ཡི།
དེ་བཟུམ་སྦེ་ མ་གཞི་ བཟའ་ཚང་ཚུ་གིས་ ཟླཝ་༡ ནང་ ཤ་ཚར་༢ རེ་ཉོ་སྟེ་ སྤྱོད་དོ་ཡོད་མི་དེ་ ཁྲལ་ལུ་བརྟེན་ ཟླཝ་༡ ནང་ ཚར་༡ ལས་བརྒལ་ ཤ་མཁོ་སྒྲུབ་འབད་མ་ཚུགས་པའི་ དཀའ་ངལ་འབྱུང་ཉེན་འདུག་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ནུ་ཌུལ་དང་ བཟའ་ནིའི་རིགས་ཚུ་ལུ་ ཁྲལ་༢༠ ལས་༤༠ ཚུན་ ཡར་སེང་འབད་དེ་ཡོདཔ་ལས་ རྒྱལ་ཁབ་ནང་ ཡོདཔ་དང་མེད་པའི་བར་ནའི་ ཁྱད་པར་དེ་ སྦོམ་ར་ཆགས་ནི་མས་ཟེར་ཞུ་ཡི།
གཞུང་གི་དམིགས་གཏད་གཙོ་བོ་དེ་ གཟུགས་ལུ་གནོད་སྐྱོན་ཡོད་ནི་དེ་གིས་ ཁྲལ་བཀལ་ཡོདཔ་སྦེ་ཨིན་རུང་ ཆང་གི་རིགས་ལུ་ འཇམ་ཏོང་ཏོ་སྦེ་ བཟོ་ད་ནུག་ཟེར་ འཐུས་མི་གིས་ཞུ་ཡི།
ཕྱིའི་མ་དངུལ་གསོག་འཇོག་གི་དོན་ལུ་ སྣུམ་འཁོར་ཁྲལ་ཡར་སེང་འབད་དོ་བཟུམ་སྦེ་ འགྲུལ་འཕྲིན་མོ་བཱ་ཡལ་གྱི་ཁྲལ་ ག་ཅི་སྦེ་ མ་བཀལཝ་ཨིན་ན་ཟེར་ ཁྱད་ལྡན་གྱི་འཐུས་མི་གིས་ཞུ་ཡི།
ཧཱ་གི་འཐུས་མི་ ཨྱོན་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ ནད་ཡམས་ཀྱི་གནས་སྟངས་ནང་ ཏམ་ཁུའི་ཁྲལ་ཡངས་ཆག་བཏང་ཡོད་རུང་ ད་རེས་ གཞུང་གིས་ ཏམ་ཁུའི་ཁྲལ་བརྒྱ་ཆ་ལས་ བརྒྱ་ཐམ་པ་བཀལ་མི་དང་ ད་རེས་ཀྱི་གནས་སྟངས་ནང་ ཁྲལ་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ ཡར་སེང་འབད་དེ་བཀལ་ནུག་ཟེར་ཞུ་ཡི།
ཁྲལ་ཡར་སེང་དང་ མར་ཕབ་འབད་མི་དེ་གིས་ མི་སེར་ལུ་ འབྱེམ་ག་དེ་སྦེ་ཕོག་ནི་ཨིན་ནའི་ ཞིབ་འཚོལ་ཚུ་ ག་དེ་སྦེ་མཛད་ཅི་ག་ཟེར་ དྲི་བ་ཞུ་ཡི།
སྤུ་ན་ཁའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ་གིས་ ཞུ་མིའི་ནང་ ཐུགས་སྤྲོའི་བཙོང་ཁྲལ་དེ་ དཔྱེ་འབད་བ་ཅིན་ འབྲུག་ནང་འཁོད་ལུ་ གློག་བརྙན་བཟོ་སྐྲུན་འབད་མི་ཚུ་ཡང་ ནང་འཁོད་ལས་ ཐོན་སྐྱེད་འབད་ཡོདཔ་སྦེ་ ཆ་བཞག་དོ་ཟེར་ཞུ་ཡི།
ཕྱི་རྒྱལ་གྱི་ གློག་བརྙན་བཟོ་སྐྲུན་འབད་མི་ལུ་ བཙོང་ཁྲལ་བརྒྱ་ཆ་༣༠ དང་ ནང་འཁོད་ཀྱི་ གློག་བརྙན་བཟོ་སྐྲུན་འབད་མི་ལུ་ཡང་ བཙོང་ཁྲལ་བརྒྱ་ཆ་༣༠ བཀལ་ཡོདཔ་ལས་ ནད་ཡམས་ལུ་བརྟེན་ འདས་པའི་ལོ་༣ ནང་ གློག་བརྙན་བཟོ་མི་ཚུ་ སྟོན་མ་ཚུགས་པའི་དཀའ་ངལ་ཐོན་ནི་དེ་གིས་ ཕྱི་སེལ་ནང་སེལ་རྐྱབ་མི་དགོ་ག་ཟེར་ཞུ་ཡི།
བཀྲིས་གཡང་རྩེའི་འཐུས་མི་ ཀརྨ་རྒྱལ་མཚན་གྱིས་ ཞུ་མིའི་ནང་ ནང་འདྲེན་འབད་མི་ ཤའི་རིགས་ཚུ་ལུ་ ཁྲལ་ཡར་སེང་འབད་མི་དེ་གིས་ ནང་འཁོད་ཀྱི་བྱ་ཤ་དང་ ཕག་ཤ་ ནོར་ཤའི་གོང་ཚད་ཚུ་ཡང་ ཡར་སེང་འགྱོ་འོང་ཟེར་ཨིན་པས།
དེ་ཡང་ ནང་འཁོད་ཀྱི་ཐོན་སྐྱེད་དེ་ ནང་འཁོད་ལས་ཐོན་ནི་དེ་གིས་ གཞུང་གིས་ ཚད་གཞི་ཅིག་མེདཔ་ལས་ ནང་འདྲེན་འབད་མིའི་ གོང་ཚད་བ་ མཐོཝ་སྦེ་ མི་སེར་ཚུ་ལུ་ བཙོང་དོ་ཡོདཔ་ལས་ གོང་གི་ཚད་གཞི་མེདཔ་ཨིན་ན་དྲི་བ་ཞུ་ཡི།
དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་ འཐུས་མི་ཚུ་གི་ དོགས་སེལ་འབད་མིའི་ནང་ དཔྱེ་འབད་བ་ཅིན་ འབྲུག་མི་ཚུ་གིས་ རང་གི་མཐའ་དོན་དེ་ར་ བཟུང་བཞག་སྟེ་ སྡོདཔ་འདྲཝ་ཅིག་འབད་བ་ཅིན་ རྒྱལ་ཁབ་ལུ་ ག་དེ་སྦེ་འགྱོ་འོང་ག་ཟེར་མི་དེ་ མནོ་བསམ་བཏང་དོ་འོང་ཟེར་ཨིན་པས།
མི་སེར་ཀུན་གྱིས་ ཤེས་དགོ་མི་དེ་ བློན་པོ་དང་འཁྲིལཝ་ད་ མི་སེར་གྱི་སྤྱོད་དགོ་མི་དེ་ དུས་ཕོག་༣ གྱི་རིང་ བཞེས་སྒོ་བཟའ་ནི་དེ་ཨིནམ་ལས་ དེའི་བཟའ་འཐུང་གི་སྐྱ་ནམ་ལུ་ ཁྲལ་མར་ཕབ་འབདཝ་མ་གཏོགས་ ཡར་སེང་མ་འབད་ཟེར་ཨིན་པས།
དགོས་མཁོ་མ་ཆེཝ་དང་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་པའི་རིགས་དང་ དགོས་མཁོ་མ་ཆེ་བའི་ སྐྱ་ནམ་གྱི་རིགས་ཚུ་ལུ་ ཁྲལ་ཡར་སེང་འབད་ཡོདཔ་སྦེ་ བློན་པོ་གིས་ཞུ་ཡི།
གྲོང་གསེབ་ནང་ དགོས་མཁོ་ཆེ་བའི་སྣུམ་འཁོར་རིགས་ བོ་ལི་རོ་དང་ དོ་སྐྱེལ་འདྲེན་སྣུམ་འཁོར་ སི་ལི་རོ་དང་ ཝེ་གོ་ནར་ དེ་ལས་ ཨཱལ་ཊོ་ཀར་ སྣུམ་འཁོར་ཆུང་བའི་རིགས་ལུ་ ཁྲལ་ཡར་སེང་མ་འབད་བར་ ཨ་རྟག་ག་ཨིནམ་སྦེ་བཞག་ཡོད་རུང་ དགོས་མཁོ་མ་ཆེ་རུང་ སྤུས་ཚད་ལྡནམ་དང་ སྣུམ་འཁོར་ཆེ་བའི་རིགས་མཁོ་སྒྲུབ་འབད་བའི་སྐབས་ དེ་གིས་ ཕྱིའི་མ་དངུལ་གསོག་འཇོག་འབད་མི་ལུ་ཡང་ དུམ་གྲ་ཅིག་ཐོ་ཕོག་ཡོདཔ་ལས་ གནས་སྐབས་ཅིག་ ཁྲལ་ཡར་སེང་འབད་རུང་ མ་བཏུབ་མེདཔ་སྦེ་ ཆ་འཇོག་གྲུབ་གནང་ཡི་ཟེར་ཨིན་པས།
ད་ལྟོའི་གནས་ཚད་ནང་ ཕྱིའི་མ་དངུལ་གསོག་འཇོག་ དངུལ་ཀྲམ་ས་ཡ་༧༦༥ ཚད་གཞི་དེ་གུ་བཞག་ནིའི་དོན་ལས་ མནོ་བསམ་ཐེབས་གཏང་དགོཔ་ཨིན་ཟེར་ཨིན་པས།
དགོས་མཁོ་ཆེད་བའི་ སྐྱ་ནམ་འབད་བ་ཅིན་ སྤྱོད་དགོཔ་འོས་ལྡན་དང་ དགོས་མཁོ་མ་ཆེ་བའི་ སྐྱ་ནམ་ཨིན་པ་ཅིན་ གནས་སྐབས་ཅིག་ ཚད་འཛིན་འབད་ཐབས་ལུ་ ཁྲལ་ཡར་སེང་འབད་དེ་ཡོད་ཟེར་ཨིན་པས།
དེ་སྦེ་ར་ ཡར་སེང་སྟེ་སྡོད་འོང་ག་ཟེར་བ་ཅིན་ ཏི་རུའི་དཔྱད་ཡིག་ཅིག་འབད་ནི་དེ་གིས་ ད་རེས་ཀྱི་ཚོགས་ཐེངས་ནང་ར་ ཆ་འཇོག་གྲུབ་ཡོད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་ཚད་དང་བསྟུན་ཏེ་ ཡར་སེང་དང་ མར་འབབ་འགྱོ་འོང་ཟེར་ བློན་པོ་གིས་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ཕྱིའི་མ་དངུལ་ ཌོ་ལར་གསོག་འཇོག་དེ་ ཚད་གཞི་འ་ནེམ་ཅིག་ཁར་ལྷོདཔ་ད་ལུ་ དགོངས་ཡངས་གཏང་ནི་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཁྲལ་བསྐྱར་བཟོ་དུམ་གྲ་རེ་འབདཝ་ཅིག་ སྣུམ་འཁོར་ནང་འདྲེན་འབད་ནི་ལུ་ གོ་སྐབས་བྱིན་ནི་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་བལྟ་དགོཔ་གལ་ཆེ་ཟེར་ བློན་པོ་གིས་ ཞུ་ཡི།
དཔྱེ་འབད་བ་ཅིན་ བློན་པོ་གིས་ ཞུ་མིའི་ནང་ འབྲུག་གིས་ ཐོན་སྐྱེད་འབད་མི་ཚལ་ལུ་དེ་ བང་ལ་དེཤ་ལུ་ ཕྱིར་ཚོང་འབདཝ་ད་ བང་ལ་དེཤ་གིས་ ཌོ་ལར་མེན་པར་ ཊ་ཀ་བཏུབ་པ་ཅིན་ འབག་འགྱོ་དགོ་པའི་ དཀའ་ངལ་ཐོན་ཡོདཔ་ཅིན་ འབྲུག་གིས་ སྣུམ་འཁོར་ནང་འདྲེན་འབད་ནི་དེ་ མནོ་བསམ་བཏང་དགོཔ་ཅིག་ མིན་འདུག་མེན་ན་ཟེར་ཨིན་པས།
བློན་པོ་གིས་ ཞུ་མི་དང་འཁྲིལཝ་ད་ ཁྲལ་ཡར་སེང་མར་ཕབ་འབད་མི་དེ་གིས་ སྤྱིར་བཏང་མི་སེར་ལུ་ གནོད་ཉེན་འབྱུང་ནི་མེན་པར་ ད་ལྟོའི་གནས་སྟངས་ནང་ དུམ་གྲ་ཅིག་ མཚམས་འཇོག་འབད་ནིའི་དོན་ལུ་ རྐྱངམ་གཅིག་ཨིན་ཟེར་ཨིན་པས།
དེ་ཡང་ ཁྱིམ་བཟོ་སྐྲུན་འབད་བ་ཅིན་ ཧེ་མར་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༡ གནས་མི་དེ་ ད་རེས་ དུང་ཕྱུར་ཕྱེད་དང་༢ དེ་ཅིག་ གནས་ནི་ཨིནམ་ལས་ དགོས་མཁོ་མེད་པ་ཅིན་ དུམ་གྲ་ཅིག་ བསྒུག་སྡོད་ཞིནམ་ལས་ གནས་སྟངས་ལེགས་ཤོམ་འགྱོཝ་ད་ བཟོ་སྐྲུན་འབད་རུང་ མ་བཏུབ་མིན་འདུག་ག་ཟེར་ དབྱེ་བ་དཔྱད་དེ་ བཞག་དགོཔ་གལ་ཆེ་ཟེར་ཨིན་པས།
ནང་འདྲེན་འབད་མི་ ཤའི་རིགས་ལུ་ ཁྲལ་བཀལ་ཡོདཔ་ལས་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཤའི་རིགས་ལུ་ མི་སེར་ཚུ་གིས་ ག་དགའཝ་སྦེ་ གོང་ཚད་བཀལ་མི་ཆོག་ཟེར་ བློན་པོ་གིས་ཞུ་བའི་ཁར་ གཞུང་གིས་ ཚད་གཞི་བཟོ་མི་དང་འཁྲིལ་ བཙོང་དགོཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ བློན་པོ་གིས་ ཆང་དང་ ཏམ་ཁུ་ འགྲུལ་འཕྲིན་ མོ་བཱ་ཡལ་ དེ་ལས་ འབྲུག་གི་གློག་བརྙན་ཚུ་གི་སྐོར་ལས་ཡང་ འཐུས་མི་ཚུ་གི་ དོགས་སེལ་སྦེ་ ལན་ཚུ་ཞུ་ཡོདཔ་མ་ཚད་ གྲོས་འབུལ་ཚུ་ཡང་ འོས་འབབ་དང་བསྟུན་ ཕུལ་ཆོགཔ་ཨིན་ཟེར་ ཨིན་པས།
དཔྱད་ཡིག་འགོ་འཛིན་པ་ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མ་དེ་ རྒྱལ་ཡོངས་ཚོགས་འདུའི་ནང་ ཆ་འཇོག་འགྲུབ་དགོ་པའི་གྲོས་དོན་ཕུལ་བའི་ཤུལ་ལས་ ཆ་འཇོག་གྲུབ་སྟེ་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ངོ་སྤྲོད་ཕུལ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *