འབྲུག་ཀུན་མཉམ་ཚོགས་པའི་ ཡིག་ཚང་གི་ གོ་གནས་འཆང་མི་ཚུ་གིས་ ཁས་བླངས་དམ་བཅའ་ཕུལ་བའི་བསྒང་།

འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་གོང་འོག་དང་ ཡོངས་ཁྱབ་དྲུང་ཆེན་བཙག་འཐུ།

༉ ཁ་ཙ་ འབྲུག་ཀུན་མཉམ་ཚོགས་པའི་ འཐུས་མི་ཚུ་གིས་ ཚོགས་པའི་གཙོ་འཛིན་དང་ གཙོ་འཛིན་འོག་མ་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ དངུལ་གཉེར་ཚུ་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་འབད་ཡི།
བཙག་འཐུའི་བྱ་རིམ་དེ་ཡང་ ཐིམ་ཕུག་རྟ་བབ་ལུ་ཡོད་མི་ འབྲུག་ཀུན་མཉམ་ཚོགས་པའི་ ཡིག་ཚང་གསརཔ་ནང་ འགོ་འདྲེན་འཐབ་སར་ འཐུས་མི་༡༠༤ གིས་ བཅའ་མར་གཏོགས་ཅི།
འཕྲལ་ཁམས་ཅིག་ཁར་ གནས་སྐབས་ཅིག་གི་དོན་ལུ་ ཚོགས་པའི་གཙོ་འཛིན་སྦེ་ གདམ་འཐུ་འབད་མི་ དྲགོས་གནས་བརྟན་བཟང་མོ་ལུ་ དགོ་ཟེར་མི་ ཚོགས་རྒྱན་༡༠༢ བཙུགས་ཏེ་ གཞུང་འབྲེལ་ཐོག་ལས་ གཙོ་འཛིན་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ འབྲུག་ཀུན་མཉམ་ཚོགས་པ་ གཞི་བཙུགས་འབད་མི་ ཚོགས་པའི་གཙོ་འཛིན་བགྲེསཔ་ བསོད་ནམས་སྟོབས་རྒྱས་ལུ་ འཐུས་མི་༡༠༤ ག་ར་གིས་ དགོ་ཟེར་མི་ ཚོགས་རྒྱན་བཙུགས་ཐོག་ལས་ ཚོགས་པའི་གཙོ་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་ཅི།
ཚོགས་པའི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ དགོ་གི་ཚོགས་རྒྱན་༡༠༡ ཐོབ་སྟེ་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་སྦེ་དང་ ཚོགས་རྒྱན་༡༠༣ ཐོབ་མི་ ཀརྨ་སྦྱིན་པ་དེ་ དངུལ་གཉེར་པ་སྦེ་ བཙག་འཐུ་གྲུབ་ཅི།
ཚོགས་པའི་ཡིག་ཚང་གི་ གོ་གནས་འཆང་མི་ཚུ་ བཙག་འཐུ་གྲུབ་པའི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་པར་གྱི་ སྐུ་མདུན་ལུ་སྦེ་ ཁོང་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཕྱིད་གང་དྲག་ཞུ་ནི་གི་ ཁས་བླངས་དམ་བཅའ་ཕུལ་ཡོདཔ་མ་ཚད་ མནའ་ཆུ་འཐུང་སྟེ་ གོ་གནས་ཀྱི་རྩིས་ལེན་ཡི།
ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ སླབ་མིའི་ནང་ མོ་ གཙོ་འཛིན་སྦེ་ མི་དགོ་ཟེར་ ཚོགས་རྒྱན་བཙུགས་མི་༢ ཐོན་མི་ལུ་བརྟེན་ སེམས་དགའ་མི་དེ་ཡང་ ཚོགས་རྒྱན་བཙུགས་ནི་དེ་ མི་སེར་རང་སོའི་ ཐོབ་དབང་དང་ དལ་དབང་ཨིནམ་ལས་ ཐག་རང་བཅད་ཐོག་ གཡང་ཟ་བག་ཟོན་ག་ནི་ཡང་མེད་པར་ བཙུགས་མི་དེ་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་ཅིག་ཨིནམ་མ་ཚད་ ཚོགས་རྒྱན་བཙུགས་མི་དེ་ལུ་ དྲང་སྤྱོད་ཡོད་པའི་ རྟགས་མཚན་ཨིན་ཟེར་ཨིན་པས།
ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགསཔ་ཅིག་ཡོད་པ་ཅིན་ཟེར་ རང་གིས་ མནོ་བསམ་སྒྲིང་སྒྲི་སྦེ་བཏང་སྟེ་ རང་གི་ཐག་དེ་ རག་གིས་ལེགས་ཤོམ་སྦེ་ བཅད་ཚུགསཔ་འབད་དགོཔ་དེ་ ཁག་ཆེ་ཟེར་ དྲགོས་གནས་བརྟན་བཟང་མོ་གིས་ བཤད་ཅི།
མོ་གིས་འབད་བ་ཅིན་ མི་སེར་ག་ར་འབད་རུང་ སྲིད་ཚོགས་ཀྱི་ འདེམས་ངོ་སྦེ་ ཐོན་པའི་སྐབས་ ཏི་རུ་དང་ ཏོག་གོ་ས་ཚུ་གི་དོན་ལས་ མནོ་བསམ་བཏང་སྟེ་ འཐོན་པ་ཅིན་ དེ་གིས་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲི་བཟོ་ནིའི་ནང་ ཕན་ཐོགས་བྱུང་མི་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ རང་གིས་རང་ལུ་ བློ་གཏད་དང་ ཡིད་ཆེས་བསྐྱེད་དེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ནི་གི་ མནོ་བསམ་བཏང་སྟེ་ ལཱ་འབད་དགོ་ཟེར་ ཚོགས་པའི་གཙོ་འཛིན་གྱིས་ བཤད་ཅི།
དེ་བཟུམ་སྦེ་ འབྲུག་ཀུན་མཉམ་ཚོགས་པའི་ དམིགས་གཏད་དང་ དམིགས་དོན་ཟེར་རུང་ གཞུང་སྐྱོང་སྦེ་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་པ་ཅིན་ གནས་ཡུན་ལོ་ངོ་༥ གི་རིང་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་དང་ གོང་འཕེལ་གྱི་ ལས་སྣ་ཚུ་ ཡུན་བརྟན་སྦེ་ གནས་ཚུགས་པའི་ མནོ་བསམ་བཏང་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
དྲགོས་གནས་བརྟན་བཟང་མོ་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་སྦེ་ ཕྱག་ཞུ་སྟེ་ གནས་ཡུན་ཚང་པའི་ཤུལ་ལས་ ལོ་ངོ་༢ ཀྱི་རིང་ མོ་རའི་གཡུས་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ མི་སེར་ཚུ་དང་གཅིག་ཁར་ ལཱ་འབད་དེ་སྡོད་པའི་སྐབས་ མི་སེར་ཚུ་གིས་ རྒྱལ་ཁབ་ལེགས་བསྒྱུར་དང་ གོང་འཕེལ་ནང་ བཅའ་མར་གཏོགས་མི་དེ་གིས་ ཕན་ཐོགས་སྦོམ་ བྱུང་དོ་ཡོད་པའི་སྐོར་ ཧ་གོ་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ མི་སེར་ཚུ་གི་ཧོངས་ལས་ ག་དེ་དྲག་དྲག་ བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་དགོཔ་དེ་ ཁག་ཆེ་བས་ཟེར་ མོ་གིས་ བཤད་ཅི།
ཡིག་ཚང་གི་ གོ་གནས་འཆང་མི་ཚུ་ བཙག་འཐུ་འབདཝ་དང་འབྲེལ་ ཚོགས་པའི་ཡོངས་འབྲེལ་འཆར་སྒོ་དང་ མི་སྡེ་བརྡ་བརྒྱུད་ཕེསི་བུག་ འགོ་འབྱེད་འབད་ཡོདཔ་མ་ཚད་ འཐུས་མི་གསུམ་གྱིས་ཡང་ ཚོགས་པའི་ནང་ ཐོ་བཀོད་འབད་ཡི།
འབྲུག་ཀུན་མཉམ་ཚོགས་པ་གིས་ སྤྱི་ལོ་༢༠༡༣ ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ དཔའ་བཅམ་ཡོདཔ་ཨིན་རུང་ དེ་བསྒང་ མགར་ས་རྫོང་ཁག་ལས་ འཐུས་མི་༡ ཚང་མ་ཚུགསཔ་ལས་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལས་ ཆ་མེད་ཡར་སོཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *