འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་དང་ འདེམས་ངོ་གསརཔ་ སྐལ་བཟང་ཆོས་སྒྲོན་དང་ བསོད་ནམས་ཚེ་རིང་།

འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ངོ་༢ ཀྱི་ ངོ་སྤྲོད་འབད་ཡོདཔ།

༉ ཁ་ཙ་ འབྲུག་ཀུན་མཉམ་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ གཞལམ་སྒང་བར་-དོ་ཀྲོང་དང་ བཀྲིས་སྒང་མཁའ་གླིང་-ཝམ་རོང་འདེམས་ཁོངས་༢ ཀྱི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ཡི།
དེ་ཡང་ བསོད་ནམས་ཚེ་རིང་དང་ སྐལ་བཟང་ཆོས་སྒྲོན་གྱིས་ མཁའ་གླིང་-ཝམ་རོང་དང་ བར་དོ་-ཀྲོང་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་མས།
སྐྱེས་ལོ་༤༠ ལང་མི་ བསོད་ནམས་ཚེ་རིང་གིས་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ གཅིག་སྒྲིལ་གོང་འཕེལ་འགོ་དཔོན་གོངམ་སྦེ་ ཕྱག་ཞུ་ནུག།
བཀྲིས་བསྒང་ བར་གཤོང་ལས་ཨིན་མི་ བསོད་ནམས་ཚེ་རིང་གིས་ སློབ་དཔོན་སྦེ་ ལོ་ངོ་༡༠ དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལོ་༢ ཕྱག་ཞུ་ཡོདཔ་བཞིན་དུ་ ཁོ་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་ ཤེས་རིག་ནང་ མཐོ་རིམ་ཤེས་ཚད་འདུག།
དེ་བཟུམ་སྦེ་ སྐྱེས་ལོ་༥༢ ལང་མི་ སྐལ་བཟང་ཆོས་སྒྲོན་གྱིས་ འཛམ་གླིང་སྤྱི་ཚོགས་ནང་ ལག་ལེན་མཁས་མཆོག་སྦེ་ ལཱ་འབད་བའི་ཤུལ་ལས་ མོ་ར་ སྒེར་སྡེ་ནང་ ལཱ་འབད་ནིའི་དོན་ལུ་ དགོངམ་ཞུ་ཡོདཔ་བཞིན་དུ་ མོ་གིས་ འཛམ་གླིང་སྤྱི་ཚོགས་ནང་ ལོ་ངོ་༡༠ དང་ གཞུང་གཡོག་ནང་ ལོ་ངོ་༡༨ བརྩིསཝ་ད་ བསྡོམས་ལོ་ངོ་༢༩ དེ་ཅིག་ ལཱ་འབད་ཡོད་པའི་ ཉམས་མྱོང་ཡོདཔ་ཨིན་པས།
སྐལ་བཟང་ཆོས་སྒྲོན་དེ་ འབྲུག་ཀུན་མཉམ་ཚོགས་པ་ནང་ འདེམས་ངོ་ཨམ་སྲུ་༢ པ་ཨིནམ་ད་ མོ་ལུ་ ཨཱསི་ཊེ་ལི་ཡ་ ཀེན་བི་ར་གཙུག་སློབ་སྡེ་ལས་ ཚོང་རིག་ནང་ གཙུག་ལག་ཤེས་ཚད་ཡོདཔ་ད་ སྐལ་བཟང་ཆོས་སྒྲོན་མོ་ར་ སྲིད་དོན་ནང་ བཅའ་མར་གཏོགས་མི་དེ་ཡང་ མི་སྡེ་ནང་ ཕྱག་ཞུ་ནིའི་དོན་ལུ་ཨིན་པས།
ལག་ལེན་མཁས་མཆོག་བགྲེསཔ་ སྐལ་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ དམིགས་བསལ་དུ་ འབྲུག་ཀུན་མཉམ་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་དེ་ཡང་ ཚོགས་པའི་གཙོ་འཛིན་གྱིས་ སེམས་ཤུགས་དང་ ཚོགས་པ་དེ་ནང་འཛུལ་བ་ཅིན་ ང་ར་འབད་དགོ་མནོ་མི་དེ་ འབད་ནིའི་གོ་སྐབས་ འཐོབ་ཚུགས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
གཅིག་སྒྲིལ་གོང་འཕེལ་འགོ་དཔོན་གོངམ་བགྲེསཔ་གིས་ སླབ་མིའི་ནང་ ཁོ་ར་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཧེ་མ་ལས་ སྤྲོ་བ་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ ཁོ་རའི་གཡུས་ཁར་ སོང་ལྟ་བའི་སྐབས་ ད་ལྟོ་དང་ འདས་པའི་འདེམས་ངོ་ཚུ་གིས་ མི་སེར་ཚུ་ལུ་ བསམ་པ་རྫོགས་ཏོག་ཏོ་སྦེ་ ལཱ་འབད་མ་བྱིན་པའི་ ཤེས་རྟོགས་བྱུང་ཡོདཔ་ལས་ གལ་སྲིད་ཁོ་ར་ བཅའ་མར་གཏོགས་ཚུགས་པ་ཅིན་ ཁོང་ལས་ལྷགཔ་སྦེ་ ཕྱག་ཞུ་ཚུགས་ནི་མས་ཟེར་ མནོ་བསམ་བཏང་ཐོག་ལས་ སྲིད་དོན་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ཁོ་ར་ ཧེ་མ་ལས་ར་ སྲིད་དོན་ནང་ སྤྲོ་བ་ཡོད་པའི་གུ་ ལཱ་འབད་ནི་ལུ་ ས་གོ་དགོཔ་ལས་ ཀུན་མཉམ་ཚོགས་པའི་ནང་ འཛུལ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཚོགས་པ་དེ་ གདམ་འཐུ་འབད་ཡི་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ བཤད་མིའི་ནང་ ཚོགས་པ་གིས་ ཨམ་སྲུ་འདེམས་ངོ་ བརྒྱ་ཆ་༣༠ དེ་ཅིག་ བཙུགས་ནིའི་འཆར་གཞི་ཡོད་རུང་ ཨམ་སྲུ་འདེམས་ངོ་འཐོབ་ནི་ལུ་ གདོང་ལེན་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
ཨིན་རུང་ ཚོགས་པའི་ཁ་ཐུག་ལས་ རྩ་འགེངས་དོ་ཟེར་ཨིནམ་ད་ འཕྲལ་མགྱོགས་ར་ ཨམ་སྲུ་འདེམས་ངོ་ཚུ་ ངོ་སྤྲོད་འབད་འོང་ཟེར་ཨིནམ་བཞིན་དུ་ ཨམ་སྲུ་འདེམས་ངོ་ཟེར་ སླབ་པའི་སྐབས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ཡང་ གདམ་འཐུ་འབད་དགོཔ་ ཁག་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *