ས་བིཊ་ མཱན་རའི།

འབྲུག་ཀུན་མཉམ་ཚོགས་པ་གིས་ བསམ་རྩེ་ཕུན་ཚོགས་དཔལ་རིའི་འདེམས་ངོ་ ངོས་འཛིན།

༉ འབྲུག་ཀུན་མཉམ་ཚོགས་པ་གིས་ ས་བིཊ་ མཱན་རའི་དེ་ བསམ་རྩེ་རྫོང་ཁག་བསམ་རྩེ་ཕུན་ཚོགས་དཔལ་རི་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
བསམ་རྩེ་རྒེད་འོག་ནང་ལས་ཨིན་མི་ སྐྱེས་ལོ་༥༦ ལང་མི་ ས་བིཊ་ མཱན་རའི་ལུ་ ཞི་གཡོག་ནང་ ལོ་ངོ་༣༣ ཕྱག་ཞུ་ཡོད་པའི་ ཉམས་མྱོང་ཡོདཔ་ད་ ཁོ་གིས་ རྒྱ་གར་པཱན་ཇབ་གཙུག་ལག་སློབ་སྡེ་ལས་ ནང་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག།
ཁོ་གིས་ འབྲུག་ཀུན་མཉམ་ཚོགས་པ་ནང་ འཛུལ་དགོ་མི་དེ་ཡང་ ཚོགས་པ་དེ་ ཤུལ་མའི་བཙག་འཐུ་ནང་ གཞུང་སྐྱོང་གི་ གོ་སྐབས་སྦོམ་ཡོད་ནི་དེ་གིས་ཨིནམ་མ་ཚད་ ཚོགས་པ་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་བགྲེསཔ་ དྲགོས་གནས་བརྟན་བཟང་མོ་ འཛུལ་ཞུགས་འབད་ཞིནམ་ལས་ ཧེང་སྐལ་ར་ སྒྲིང་སྒྲི་བཟོ་ཡི་ཟེར་ཨིན་པས།
འདེམས་ངོ་དེ་གིས་ སླབ་མིའི་ནང་ ཚོགས་པ་ནང་ ཉམས་མྱོང་འདྲ་མིན་སྣ་ཚོགས་ཡོད་པའི་ འདེམས་ངོ་སྒྲིང་སྒྲི་ཙང་ཙ་ཡོདཔ་མ་ཚད་ ཉམས་མྱོང་ཅན་དང་ ལོ་ན་གཞོནམ་ཚུ་ སླ་བསྲེས་ཏེ་ཡོད་ཟེར་ཨིན་པས།
ས་བིཊ་ མཱན་རའི་གིས་ སོ་ནམ་དང་ནགས་ཚལ་ གསོ་བ་ བསྟན་རྒྱས་དང་བརྒྱུད་འབྲེལ་ལྷན་ཁག་ཚུ་ནང་ ནང་འཁོད་རྩིས་ཞིབ་འགོ་དཔོན་གཙོ་འཛིན་དང་ ཀྲོང་གསར་དང་ སྤ་རོ་ དེ་ལས་ སྤུ་ན་ཁ་རྫོང་ཁག་ཚུ་ནང་ རྫོང་ཁག་འཆར་གཞི་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་བཤད་མིའི་ནང་ འདས་པའི་ལོ་ངོ་༣༣ དེ་ཅིག་གི་རིང་ ཞི་གཡོགཔོ་སྦེ་ ཕྱག་ཞུ་བའི་ཉམས་མྱོང་ལུ་བརྟེན་ མི་དབང་མཆོག་དང་ རྒྱལ་ཁབ་ དེ་ལས་ མི་སེར་ལུ་ ཞབས་ཏོག་ཞུ་ནིའི་ རེ་འདོད་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁོ་ལུ་ཡང་ ནང་འཁོད་རྩིས་ཞིབ་དང་ བདག་སྐྱོང་ འཆར་གཞི་ མི་སྟོབས་འཛིན་སྐྱོང་དང་ མཁོ་སྒྲུབ་ དེ་ལས་ མཛོད་ཐོ་ལ་སོགས་པའི་ ས་ཁོངས་སོ་སོའི་ནང་ ཉམས་མྱོང་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ ནང་འཁོད་རྩིས་ཞིབ་པ་སྦེ་ སྡོད་པའི་སྐབས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ཅིག་ཨིན་མི་ གཞུང་སྐྱོང་ལེགས་ལྡན་ནང་ ཕྱག་ཞུ་ཡི་ཟེར་ཨིནམ་ད་ ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདེམས་ངོ་ལ་ལོ་ཅིག་གིས་ འདས་པའི་ལོ་ངོ་༡༠ གྱི་བར་ན་ ཚར་གཅིག་ཡང་ལོངས་ཏེ་ ཞུ་སར་མ་མཐོང་ཟེར་ཨིནམ་ད་ མ་གཞི་ གནད་དོན་ལ་ལོ་ཅིག་ སྤྱི་ཚོགས་ཀྱི་ལག་པར་མེད་རུང་ གྲོས་བསྡུར་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
འདེམས་ཁོངས་དེ་ནང་ ད་ལྟོ་ མི་སེར་དམངས་གཙོ་ཚོགས་པ་ནང་ལས་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་་དུང་གེལ་དང་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲལ་ཁམས་ཅིག་ཁར་ ངོས་འཛིན་འབད་མི་ མཐའ་འཁོར་གྲོས་སྟོན་པ་ ཀ་མཱལ་དཱན་རའི་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པ་༢ ད་ལྟོ་ གཞུང་འབྲེལ་དུ་ འདེམས་ངོ་གསལ་སྟོན་འབད་ནི་ལུ་ སྒུག་བཞིན་དུ་ཡོདཔ་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *