འབྲས་སྤུངས་རྒེད་འོག་ནང་ ཕྱགས་སྙིགས་བཀོག་སའི་ས་གོ་ མི་བཟོ་ནི།

༉ ཉིན་གྲངས་གཉིས་ཀྱི་རིང་ འབྲས་སྤུངས་རྒེད་འོག་ནང་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ ཞལ་འཛོམས་འཚོགས་པའི་སྐབས་ རྒེད་འོག་གི་ སྤྱི་འོག་ཚུ་ནང་ ཕྱགས་སྙིགས་བཀོག་སའི་ས་གོ་ མི་བཟོ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་འཚོགས་དགོ་མི་དེ་ཡང་ འབྲས་སྤུངས་སྤྱི་འོག་དང་ བཙན་མཁར་སྤྱི་འོག་ལས་ མི་སེར་ཚུ་གིས་ སྤྱི་འོག་ནང་འཁོད་ལུ་ ཕྱགས་སྙིགས་བཀོག་སའི་ ས་གོ་བཟོ་དགོ་པའི་ གྲོས་འཆར་བཙུགས་མི་དང་འཁྲིལ་ རྒེད་འོག་ནགས་ཚལ་རྒྱ་སྐྱེད་འགོ་དཔོན་གྱིས་ བདག་སྐྱོང་འགོ་དཔོན་གྱི་ རྒྱབ་སྐྱོར་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཞལ་འཛོམས་ཉིནམ་དང་པའི་ནང་ མི་སེར་༡༥༠ དང་གཅིག་ཁར་ གྲོས་བསྟུན་འབད་ཡོདཔ་ད་ ཉིནམ་གཉིས་པའི་ནང་ ཤིང་བཏོག་ནིའི་འཕྲུལ་ཆས་ པ་ཝར་ཅེན་ལག་ལེན་འཐབ་མི་དང་ དེད་གཡོགཔ་ཚུ་དང་གཅིག་ཁར་ ཕྱགས་སྙིགས་རག་རོ་ཚུ་ ག་ལྷོད་བཀོག་ནི་མེད་པའི་ཁར་ དུས་ཚོད་ལུ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ངོས་ལེན་ལུ་ མོས་མཐུན་གན་རྒྱ་ཚུ་ཡང་ བཟོ་ནུག།
ནགས་ཚལ་འགོ་དཔོན་གྱི་ གསལ་བཤད་ཚུ་ཡང་ ཉིན་བསྟར་བཞིན་དུ་ མི་སེར་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་འབད་ཐངས་དང་ དང་ལེན་འཆར་གཞི་སྒྲིག་ཐངས་ཚུ་གི་སྐོར་ གོ་བ་བརྡ་སྤྲོད་འབད་བའི་ཤུལ་ལུ་ མོས་མཐུན་ཐོག་ ལཱ་འབད་ནི་སྦེ་ གྲོས་ཆོད་བཏོན་ནུག།
ནགས་ཚལ་རྒྱ་སྐྱེད་འགོ་དཔོན་ པདྨ་དོན་གྲུབ་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཕྱགས་སྙིགས་ཀྱི་གདོང་ལེན་ སྦོམ་ཤོས་ར་ ཚོང་འབྲེལ་ས་ཁོངས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲོམ་ཚུ་ནང་ བྱུང་ཡོད་པའི་ལོ་རྒྱུས་ཐོན་མི་དེ་ འགྲོས་ཀྱིས་སྦེ་ རྫོང་ཁག་ཚུ་ནང་ ཁྱབ་སྤེལ་སོང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒེད་འོག་ནང་ཡང་ ལོ་བསྟར་བཞིན་དུ་ མི་རློབས་ཡར་འཕར་འགྱོ་མི་དང་ དཔལ་འབྱོར་གོང་འཕེལ་གྱི་ ལས་སྣ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཡོད་པའི་ གནད་དོན་ལུ་བརྟེན་ ཕྱགས་སྙིགས་ཀྱི་གདོང་ལེན་འབྱུང་ནི་ཨིནམ་ལས་ འགོ་དང་འགོ་ལས་ར་ བཀག་ཐབས་ཀྱི་ འཛིན་སྐྱོང་ལམ་སྟོན་ཚུ་ གཞི་བཙུགས་འབདཝ་ཨིན་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་ བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁྱིམ་གུང་རེ་ལས་ མི་རེ་ཐོན་ཏེ་ ཟླཝ་རེ་ནང་ཚར་རེ་ བདག་སྐྱོང་གི་འགོ་འདྲེན་ཐོག་ གཡུས་ཚན་ག་རའི་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་ཁར་ དུས་སྟོན་ཁྱད་པར་ཅན་ལུ་ཡང་ ལས་རིམ་འགོ་འདྲེན་འཐབ་སྟེ་ རྒེད་འོག་གི་ ཕྱགས་སྙིགས་བསྡུ་བསྒྱོམ་ཁང་ནང་ བཞག་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་སོའི་ ཁྱིམ་གྱི་མཐའ་འཁོར་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ གུང་པ་རེ་ལུ་ ཕྱགས་སྙིགས་བཀོག་སའི་ སྒྲོམ་རེ་འཛིན་སྐྱོང་འཐབ་སྟེ་ ཡོད་ཟེར་ཨིན་པས།
ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་ཤུལ་ལས་ ཕྱགས་སྙིགས་ཚུ་ སླ་བསྲེས་མ་རྐྱབ་པར་ དབྱེ་བ་ཕྱེ་ཐངས་དང་ གྱིབ་ཤོག་ཚུ་ སླར་སྤྱོད་འབད་བཏུབ་པའི་སྐོར་ལས་ཡང་ གོ་བརྡ་སྤྲོད་ཡོདཔ་ཨིན་པས།
ནགས་ཚལ་རྒྱ་སྐྱེད་འགོ་དཔོན་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ རྒེད་འོག་ནང་ ཕྱགས་སྙིགས་འཛིན་སྐྱོང་འབད་ཐངས་ཀྱི་ ལམ་ལུགས་བཟོ་མི་དེ་གིས་ འཛིན་སྐྱོང་འཐབ་ནི་ལུ་ ལྷན་ཐབས་ཡོདཔ་བཞིན་དུ་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་འབད་རུང་ ལྟ་རྟོག་འབད་དེ་ མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།
སྤྱི་ཟླ་༢ པ་ལས་འགོ་བཙུགས་ ནགས་ཚལ་ཚུ་ནང་ལས་ཕར་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལས་རིམ་ཡོདཔ་ད་ དེ་ཡང་ ཤིང་བཏོག་འཕྲུལ་ཆས་ལག་ལེན་འཐབ་མི་དང་ མི་སེར་ཚུ་ ཕར་ཚུར་འགྱོ་བའི་སྐབས་ གྱིབ་ཤོག་དང་ གོ་ལ་རག་རོ་ཚུ་ བཀོག་བཞག་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
གྲོས་ཆོད་དང་འཁྲིལ་བ་ཅིན་ ད་ལས་ཕར་ ཤིང་བཏོག་འཕྲུལ་ཆས་ལག་ལེན་འཐབ་མི་དང་ དེད་གཡོགཔ་ དེ་ལས་ མི་སེར་ཚུ་གིས་ གན་རྒྱ་བཟོ་མི་ལུ་ བརྩི་འཇོག་མ་འབད་བ་ཅིན་ ཉེས་བྱ་ཚུ་ བཀལ་ནི་ཨིན་པས།
གྲོས་བསྟུན་ཞལ་འཛོམས་དེ་ སྤྱི་ཟླ་༡ པའི་ཚེས་༢༩ དང་༣༠ ལུ་ འབྲས་སྤུངས་རྒེད་འོག་ནང་སྦེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *