འབྱུང་བཞི་ནང་ གློག་མེ་འཕྲུལ་ཁང་ཆུང་བ་ ལོག་གཞི་བཙུགས་འབད་ཡོདཔ།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ མི་ལོ་༥༠ འཁོར་བའི་ རྒྱ་འབྲུག་གི་ མཐུན་འབྲེལ་དུས་སྟོན་བརྩི་སྲུང་དོན་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ ཐིམ་ཕུག་འབྱུང་བཞི་ནང་ལུ་ཡོད་པའི་ གློག་མེ་འཕྲུལ་ཁང་ཆུང་བ་དེ་ ལོག་སྟེ་ར་ གཞུང་འབྲེལ་ཐོག་ འགོ་འབྱེད་འབད་ཡི།

འགོ་བྱེད་དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མཛད་ཡོདཔ་ད་ གློག་ཤུགས་ཀི་ལོ་ཝཱཊ་༣༦༠ འབད་མི་ གློག་མེ་དེ་ སྤྱི་ལོ་༡༩༦༧ ལུ་ འགོ་ཐོག་རྒྱལ་ཁབ་ནང་ གློག་མེ་ལས་འགུལ་དང་པ་སྦེ་ རྒྱལ་སྲས་རྣམ་རྒྱལ་དབང་ཕྱུག་གིས་ འགོ་འབྱེད་མཛད་གནང་ནུག།

དེ་གི་ཤུལ་ལས་ སྤྱི་ལོ་༡༩༩༨ ལུ་ ཉམས་བཅོས་ཀྱི་ལཱ་ ཆུང་རིམ་ཚུ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལུ་ ཉམས་བཅོས་ཀྱི་ལཱ་ཚུ་ མཇུག་བསྡུ་ནུག།

འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གློག་མེ་ལས་འགུལ་དེ་ མ་གཞི་ གཞན་གློག་མེ་ལས་འགུལ་ཚུ་དང་ཕྱདཔ་ད་ ཆུང་ཀུ་ཅིག་ཨིན་རུང་ རྩ་ཅན་ཅིག་སྦེ་ བརྩི་དགོ་མི་དེ་ཡང་ སྤྱི་ལོ་༡༩༦༧ ལུ་ རྒྱ་འབྲུག་༢ ཀྱི་མཐུན་ལམ་ གཞི་བཙུགས་འབད་ཞིནམ་ལས་ རང་དབང་གི་ཐོག་ལུ་ རྒྱལ་ཁབ་ནང་ འགོ་བཙུགས་མི་ གློག་མེ་ལས་འགུལ་འགོ་དང་པ་ཨིན་པའི་ཁར་ གློག་མེ་ལས་འགུལ་གཞན་ཚུ་གིས་ འཐུས་ཤོར་ཏེ་འབད་བ་ཅིན་ ག་ནི་བ་གལ་ཆེ་བའི་ རྒྱལཔོ་ཡབ་སྲས་རྣམ་༢ ཀྱི་བཞུགས་གནས་ བསམ་གཏན་གླིང་དང་ གླིང་ཀ་ནང་ཕོ་བྲང་༢ ནང་ འཕྲུལ་ཁང་དེ་ནང་ལས་ གློག་མེ་བཀྲམ་སྤེལ་འབད་དོ་ཡོདཔ་མ་ཚད་ རྒྱལ་ས་ལྟེ་བའི་ གློག་མེའི་དགོས་མཁོ་དང་བསྟུནམ་ད་ གློག་མེ་མེ་ག་ཝཱཊ་༤༠ དེ་ཅིག་ལས་ ཀི་ལོ་ཝཱཊ་༣༦༠ གློག་མེ་འཕྲུལ་ཁང་ཆུང་བ་དེ་ལས་ བཀྲམ་སྤེལ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།

འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ གློག་མེ་འཕྲུལ་ཨམ་ཆུང་བ་དེ་གིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ས་ཡ་༡༣༢.༥༢ དེ་ཅིག་ བཟོ་དོ་ཡོདཔ་ཨིན་པས།

འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ བློན་ཆེན་ཚེ་རིང་སྟོབས་ཀྱིས་ གསུངས་མིའི་ནང་ མ་གཞི་ གློག་མེ་འཕྲུལ་ཁང་དེ་ ཆུང་ཀུ་ཅིག་འབད་རུང་ གལ་ཅན་ཅིག་སྦེ་ བརྩི་དགོ་མི་དེ་ཡང་ འབྲུག་དང་ རྒྱ་གར་གཞུང་གི་ མཐུན་འབྲེལ་རྒྱལ་རབས་ནང་ ཤུལ་བཞག་མངོན་གསལ་ཨིན་པའི་ ངོ་རྟགས་དང་ བརྡ་མཚོན་སྟོནམ་ཨིན་ཟེར་ བའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *