འབུམ་སྡེ་གླིང་འབྲིང་རིམ་སློབ་གྲྭ་བར་མ།

འབུམ་སྡེ་གླིང་སློབ་གྲྭ་ནང་ ཡོངས་འབྲེལ་རྒྱུན་ལམ་ཤུགས་ཚད་ ལེགས་ཤོམ་མེདཔ།

༉ ད་རེས་ནངས་པར་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ཡོངས་འབྲེལ་རྒྱུན་ལམ་གྱི་ ཤུགས་ཚད་ལེགས་ཤོམ་མེད་མི་ལུ་བརྟེན་ སློབ་གྲྭའི་སློབ་དཔོན་ཚུ་ སེམས་དང་མ་ལྡན་པར་འདུག།
སློབ་གྲྭའི་བདག་སྐྱོང་འགོ་དཔོན་གྱིས་ བཤད་མིའི་ནང་ ཡོངས་འབྲེལ་མཐུད་སྦྲེལ་ ལེགས་ཤོམ་མེད་མི་གིས་ ལཱ་འབད་ནི་ལུ་ དཀའ་ངལ་བྱུང་བའི་ཁར་ ཡོངས་འབྲེལ་ཐོག་ལས་ ཡིག་ཆ་ཕབ་ལེན་དང་ གཏོང་ལེན་ དེ་ལས་ ཞིབ་འཚོལ་འབད་ནི་ལུ་ གདོང་ལེན་སྦོམ་ར་ བྱུང་ཡོད་ཟེར་ཨིན་པས།
ད་རེས་ མི་སྡེ་ནང་ འཕྲུལ་རིག་གོང་འཕེལ་སོང་མི་དང་འབྲེལ་ སློབ་སྟོན་འབད་ནི་དང་ ལྷབ་སྦྱང་འབད་ནི་ཡང་ འགྱུར་བ་སོང་སྟེ་ཡོདཔ་ལས་ སློབ་དཔོན་མང་ཤོས་ཅིག་གིས་ སློབ་སྟོན་མཐུན་རྐྱེན་ཚུ་ ཡོངས་འབྲེལ་ཐོག་ལས་ ཕབ་ལེན་འབད་དེ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ རཱན་བིར་ཏ་མང་གིས་ འབད་བ་ཅིན་ ད་རེས་ སློབ་གྲྭ་དེ་ནང་ ཡོངས་འབྲེལ་ ཐི་རི་ཇི་ཕར་བཞག་ ཊུ་ཇི་གི་ ཞབས་ཏོག་ཡང་ ཐོབ་མ་ཚུགས་མི་ལུ་བརྟེན་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ ལིས་ལ་ཡེན་ཟེར་མི་ ཡོངས་འབྲེལ་ཞབས་ཏོག་དེ་ མཐུད་སྦྲེལ་འབད་དེ་ བྱིན་ཡི་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ཉིན་མའི་དུས་ཚོད་སྐབས་ སློབ་དཔོན་ག་ར་གིས་ ཡོངས་འབྲེལ་དེ་ ལག་ལེན་འཐབ་མི་ལུ་བརྟེན་ ཤུགས་ཚད་ལུ་ བར་ཆད་རྐྱབ་མི་དེ་གིས་ སློབ་གྲྭའི་དུས་ཚོད་ མཇུག་བསྡུ་ཞིནམ་ལས་དང་ ནུབ་མོ་མ་གཏོགས་ ཡོངས་འབྲེལ་གྱི་ ལཱ་ཚུ་འབད་མི་ཚུགས་པས་ཟེར་ཨིནམ་ད་ ད་ལྟོའི་ གནས་སྟངས་ནང་ ཡོངས་འབྲེལ་དགོཔ་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ ཡོངས་འབྲེལ་གྱི་ཤུགས་ཚད་ མགྱོགས་དྲགས་མེད་རུང་ ཟླཝ་རེ་ནང་ དངུལ་ཀྲམ་༡༠,༠༠༠ དེ་རེ་ འབྲུག་བརྒྱུན་འཕྲིན་ཚད་ལུ་ བྱིན་དོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཡོངས་འབྲེལ་རྒྱུན་ལམ་མེད་པའི་སྐོར་ལས་ ལས་འཛིན་ལུ་ སྙན་ཞུ་འབད་བའི་སྐབས་ འགོ་དཔོན་ཚུ་གིས་ ཡོངས་འབྲེལ་གྱི་ ལིསི་ལ་ཡེན་དེ་ ཡར་སེང་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
གནད་དོན་དེ་ འཕྲལ་ཁམས་ཅིག་ཁར་ བཀྲིས་གཡང་རྩེ་ རྫོང་ཁག་ཚོགས་འདུ་ འཚོགས་པའི་སྐབས་ལུ་ཡང་ གྲོས་བསྡུར་བྱུང་ཡི།
བཀྲིས་གཡང་རྩེ་ལུ་ཡོད་པའི་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ འཛིན་སྐྱོང་འགོ་དཔོན་ མགོན་པོ་ཚེ་རིང་གིས་ སླབ་མིའི་ནང་ སློབ་གྲྭ་ལས་ ཡོངས་འབྲེལ་གྱི་ ཉོགས་བཤད་བཀོད་བའི་ སྙན་ཞུ་ལྷོད་པའི་ཤུལ་ལས་ ས་ཁོངས་ནང་ སོང་ལྟ་བའི་སྐབས་ སློབ་གྲྭ་ནང་ ཡོངས་འབྲེལ་ལག་ལེན་འཐབ་མི་ ལེ་ཤ་ཡོད་མི་ལུ་བརྟེན་ ཡོངས་འབྲེལ་ཤུགས་ཚད་ལུ་ དཀའ་ངལ་བྱུང་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ སློབ་གྲྭའི་ལས་བྱེདཔ་ཅིག་གིས་ ཡོངས་འབྲེལ་ ཀམ་པུས་ཊར་ནང་ བའི་རཱསི་ཡོད་མི་དེ་གིས་ ཡོངས་འབྲེལ་ཤུགས་ཚད་ལུ་ བར་ཆད་རྐྱབ་སྟེ་ཡོད་རུང་ ཤུལ་མའི་ཟླཝ་ནང་ལས་ ས་ཁོངས་དེ་ནང་ ཡོངས་འབྲེལ་ཐི་རི་ཇི་དང་ ཡང་ཅིན་ ཕོར་ཇི་གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ ཀུན་བཟང་དོན་གྲུབ་ཀྱིས་ སླབ་མིའི་ནང་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་དེ་ནང་ ད་ལྟོ་ ཡོངས་འབྲེལ་ལིསི་ལ་ཡེན་ཨེམ་བི་པི་ཨེསི་༡ ལས་༢ ལུ་ ཡར་སེང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་གིས་ འཆར་གཞི་༡༢ པའི་ནང་ བརྡ་དོན་འཕྲུལ་རིག་ནང་ གཙོ་བོར་བཏོན་ནི་སྦེ་ འཆར་གཞི་ཡོདཔ་ལས་ སློབ་གྲྭ་ཚུ་ནང་ ཡོངས་འབྲེལ་གྱི་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་དགོཔ་འོང་ཟེར་ཨིན་པས།
མགོན་པོ་ཚེ་རིང་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ནང་ ཡོངས་འབྲེལ་གྱི་ ཤུགས་ཚད་ཀྱི་ དཀའ་ངལ་མ་གཏོགས་ སྦྲེལ་མཐུད་ཀྱི་ སྟབས་མ་བདེཝ་མེད་ཟེར་ཨིནམ་ད་ སློབ་གྲྭ་གིས་ ཡོངས་འབྲེལ་གྱི་ ཨེམ་བི་པི་ཨེསི་༡ ཡོད་མི་དེ་༢ གུ་ ཡར་སེང་འབད་དགོ་པའི་ སྙན་ཞུ་འབད་བཞིན་དུ་ འཕྲལ་མགྱོགས་ར་ ཡར་སེང་འབད་ནི་ཨིན་ཟེར་ཨིན་པས།
འབུམ་སྡེ་གླིང་འབྲིང་རིམ་སློབ་གྲྭ་བར་མ་དེ་ཡང་ སྤྱི་ལོ་༡༩༩༡ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ སློབ་དཔོན་༡༧ དང་ སློབ་ཕྲུག་༣༣༨ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *