འབུམ་སྡེ་གླིང་རྒཔོ་གིས་ སྐྱེས་ལོ་༡༦ ལང་མི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་དོགས་པ།

༉ བཀྲིས་གཡང་རྩེ་ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འབུམ་སྡེ་གླིང་རྒེད་འོག་གི་རྒཔོ་གིས་ ལོ་ན་མ་སྨིན་པའི་བུམོ་༡ ལུ་ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་འབད་བའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ བྱུང་རྐྱེན་དེ་ འབུམ་སྡེ་གླིང་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་གནས་ སྟར་འཕེལ་སྤྱི་འོག་ནང་ སྤྱི་ཟླ་༧ པའི་ཚེས་༣ ལུ་ སྐྱེས་ལོ་༡༦ ལང་མི་ ཉམས་རྒུད་པའི་ ཕམ་༢ ཆ་ར་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་བར་ ས་གནས་གཞན་ཁར་སོང་སྟེ་ ཁྱིམ་ནང་ ན་ལོན་ག་ཡང་མེདཔ་ད་ བྱུང་ནུག་ཟེར་ཨིན་པས། 
ཉམས་རྒུད་པའི་ ཨ་པ་གིས་ སླབ་མིའི་ནང་ བྱུང་རྐྱེན་གྱི་ ཉིནམ་དག་པ་ཅིག་གི་ཧེ་མར་ རྒཔོ་གིས་ ནུབ་མོར་ ཁོང་གི་ཁྱིམ་སྒོ་ཚར་ལེ་ཤ་ བརྡུངས་ཡོདཔ་མ་ཚད་ བུམོ་ལུ་ འགྲུལ་འཕྲིན་ལན་ཐེངས་ལེ་ཤ་བཏང་སྟེ་ འཕྲུལ་འཕྲིན་གསརཔ་ཅིག་ཡང་ ཉོ་བྱིན་གེ་ཟེར་ སླབ་ཡོད་པའི་སྐོར་ ཉམས་རྒུདཔ་དེ་གིས་ ཨང་རྒས་ལུ་ སླབ་ནུག་ཟེར་ཨིན་པས།
ཨ་པ་གིས་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༣ གྱི་ནུབ་མོར་ སྒོ་བརྡུངསམ་ལས་ བུམོ་གིས་སྒོ་ཕྱེཝ་ད་ དོགས་ཅན་རྒཔོ་གིས་ འགྲུལ་འཕྲིན་གསརཔ་ཉོ་འབག་འོང་ཡོདཔ་ལས་ ཝི་ཅེཊ་ལ་སོགས་པ་བཟོ་ནི་ཟེར་ བུམོ་དེ་ བཤེད་ཞིནམ་ལས་ ཁྱིམ་གྱི་སྟེང་ཐོག་ལུ་ འཁྱིད་སོང་པའི་ཤུལ་ལུ་ ལགཔ་གིས་དཀྲོགས་ཡོདཔ་མ་ཚད་ འཇིགས་སྐྲག་སྟོན་ཐོག་ལས་ སྐད་རྐྱབ་མ་བཅུག་པར་ དབང་བཙོང་འདོད་སྤྱོད་འབད་ནུག་ཟེར་ ཁ་ཉེས་བཀལཝ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ ཁོང་བཟའ་ཟླ་གཉིས་ ཤིང་འཕེལ་ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ས་ལས་ ལོག་འོང་པའི་ལམ་ཁར་ ཁོ་རའི་ ཨམ་ཅུང་གི་ཁྱིམ་ནང་ ངལ་འཚོ་སྟེ་ སྡོད་པའི་སྐབས་ ཨམ་ཅུང་གིས་  སླབ་ཡོདཔ་ཨིན་པས།
ཕམ་༢ ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབདཝ་ལས་ དོགས་ཅན་དེ་ འཛིན་བཟུང་ཐོག་ དོ་དམ་འོག་ལུ་ བཞག་ཡོདཔ་ད་ ཨ་པ་གིས་ སླབ་མིའི་ནང་ ཁོང་གི་བུམོ་དེ་ཡང་  གསོ་བའི་བརྟག་དཔྱད་ཀྱི་དོན་ལུ་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ སྨན་ཁང་ནང་ འཁྱིད་སོང་ཡི་ཟེར་ཨིན་པས།
དོགས་ཅན་གྱིས་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་སྐོར་ བུམོ་གིས་ ཨང་རྒས་ལུ་ སླབ་ནུག་ཟེར་ཨིནམ་ད་ རྒཔོ་གིས་ བུམོ་ལུ་ འགྲུན་འཕྲིན་དངུལ་ཀྲམ་༡༠,༤༠༠ འབད་མི་ཅིག་ ཉོ་བྱིན་མི་དེ་ཡང་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ དོགས་ཅན་རྒཔོ་དེ་ སྟར་འཕེལ་གཡུས་ཚན་ནང་ ཆརཔ་གིས་ འཁོར་ལམ་མེདཔ་བཏང་མི་ཚུ་ བཟོ་ནིའི་དོན་ལུ་ རྒེད་འོག་གི་ སྣུམ་འཁོར་བདའ་སྟེ་ ཞིབ་དཔྱད་འབད་བར་སོང་ནུག་ཟེར་ཨིནམ་ད་ དེ་ཚེ་ཁྱིམ་ནང་ ཉམས་རྒུདཔ་བུམོ་མོ་ར་རྐྱངམ་གཅིག་སྡོད་སར་མཐོང་སྟེ་ དབང་བཙོང་འབད་ཡོད་པའི་ དོགས་པ་འདུག་ཟེར་ཨིན་པས།
གནས་ཚུལ་བྱིན་མི་ཅིག་གིས་ སླབ་མིའི་ནང་ རྒཔོ་དེ་ སྟར་འཕེལ་སྤྱི་འོག་ལས་ ལོག་འོང་ནི་འབདཝ་ད་ སྣུམ་འཁོར་མེདཔ་ཐལ་སོཔ་ལས་ དེ་ཚེ་ ཉམས་རྒུད་པའི་ ཁྱིམ་ཚང་གི་ཁྱིམ་ནང་ སྡོད་ཡོད་རུང་ བུམོ་དེ་གི་ཁྱིམ་ནང་ རྒས་ཤོས་ག་ཡང་མེད་མི་ལུ་ གོ་སྐབས་ལེན་དོ་བཟུམ་ཅིག་ འདུག་ཟེར་ཨིན་པས།
རྩོད་དོན་དེ་གི་སྐོར་ལས་ གཡང་རྩེ་ཁྲོམ་དང་ རྒེད་འོག་ནང་གི་ རྒས་ཤོས་དག་པ་ཅིག་གིས་ ནང་འགྲིག་འབད་ནི་གི་ དཔའ་བཅམ་ཡོད་རུང་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ལས་ ལུས་སོ་ནུག་ཟེར་ཨིན་པས།
དོགས་ཅན་རྒཔོ་དེ་ དོ་དམ་འོག་ལུ་ བཞག་ཡོད་རུང་ ད་ལྟོ་ བྱ་ངན་འཐབ་ཡོད་མེད་ གཏན་འཁེལ་བཟོ་ནིའི་དོན་ལུ་ ཁྲིམས་སྲུང་དང་ གསོ་བའི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་དོན་ཚན་༡༨༣ པ་དང་འཁྲིལཝ་ད་ རྩོད་ཟླ་ཞིག་གིས་ སྐྱེས་ལོ་༡༢ ལས་༡༨ ཚུན་གྱི་ བྱིས་པ་ལུ་ འཁྲིག་སྤྱོད་ཀྱི་བྱ་སྤྱོད་ གང་རུང་འཐབ་པ་ཡིན་ཚེ་ རྩོད་ཟླ་དེ་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་བརྩི་དགོཔ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *