འཕྲོད་བསྟེན་བདག་འཛིན་དང་འབྲེལ་བའི་ ནད་གཞི་ཐོབ་མི་དེ་ དཀའ་ངལ་སྦོམ་ཤོས་ཅིག་ཨིནམ།

༉ རྒྱལ་ཁབ་ནང་ འཕྲལ་འཕྲལ་སྦེ་ར་ འཕྲོད་བསྟེན་དང་འབྲེལ་བའི་ ནད་གཞི་ཐོབ་མི་དེ་ འཕྲོད་བསྟེན་བདག་འཛིན་ནང་ གནོད་ཉེན་ཅན་ཅིག་ཨིན་མས།
གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ འཕྲོད་བསྟེན་བདག་འཛིན་དང་ནད་བརྟག་སྡེ་ཚན་གྱི་ ལས་རིམ་ཞིབ་དཔྱོདཔ་ དཔལམོ་བཟངམོ་གིས་ སླབ་མིའི་ནང་ འཕྲོད་བསྟེན་ལུ་བརྟེན་པའི་ ནད་གཞི་ཐོབ་མི་དེ་ མི་མང་འཕྲོད་བསྟེན་གྱི་ དཀའ་ངལ་སྦོམ་ཤོས་ཅིག་ ཨིན་མས་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་དང་ འཕྲོད་བསྟེན་བདག་འཛིན་དང་འབྲེལ་བའི་ ནད་གཞི་ཐོབ་མི་དང་འཁྲིལཝ་ད་ སྨན་ཁང་ནང་ འབུ་ནད་ཐོབ་མི་ནདཔ་ཚུ་ལུ་ སྨན་བཅོས་ཞབས་ཏོག་བྱིན་པའི་སྐབས་དང་ སྨན་བཅོས་འབདཝ་ད་ ནད་གཞི་མེད་རུང་ ཞབས་ཏོག་བྱིན་པའི་ཤུལ་ལས་ དུས་ཡུན་ཆུ་ཚོད་༤༨ ནང་ ནད་གཞི་ཐོབ་མི་འདུག་ཟེར་ཨིན་པས།
གཤག་བཅོས་ཀྱི་ཐད་ཁར་ སྨན་བཅོས་མཁས་མཆོག་ཚུ་གིས་ ནདཔ་གཤག་བཅོས་འབད་དེ་ ཉིནམ་༣༠ ལང་པའི་སྐབས་དང་ ཉིན་གྲངས་༩༠ ལངམ་ད་ ནད་འཐོབ་ནི་འདུག་ཟེར་ཨིན་པས།
རྩི་རང་རྫོང་ཁག་ནང་སྦེ་ ཉིན་གྲངས་༢ ཀྱི་རིང་ གསོ་བའི་ལོ་ཟུང་གྲོས་འཛོམས་ཐེངས་༥ པ་འཚོགས་པའི་སྐབས་ གསོ་བའི་ལས་བྱེདཔ་ཚུ་གིས་ ཤེས་རྟོགས་བྱུང་མི་ འཕྲོད་བསྟེན་དང་འབྲེལ་བའི་ ནད་གཞི་ཐོབ་མི་དེ་ གསལ་སྟོན་འབད་མི་སྙན་ཞུ་ལུ་ དཔལམོ་བཟངམོ་གིས་ སླབ་མི་དང་འཁྲིལཝ་ད་ འཕྲོད་བསྟེན་ལུ་ ནད་གཞི་ཐོབ་མི་ ནདཔ་ཚུ་ལུ་བརྟེན་ མི་མང་གི་ དཔལ་འབྱོར་ལུ་ ཐོ་སྦོམ་ཕོགཔ་མས་ཟེར་ ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ སྔོན་རྩིས་བཏོན་མི་དང་འཁྲིལཝ་ད་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་འགྱོ་མི་ རྒྱལ་ཁབ་ཚུ་ནང་ མི་ལུ་ཤི་རྐྱེན་བྱུང་མི་དེ་ བརྒྱ་ཆ་༧ དང་ བར་ན་སྐོརམ་འབད་མི་ རྒྱལ་ཁབ་ནང་ བརྒྱ་ཆ་༡༠ དེ་ལས་ དཔལ་འབྱོར་གོང་འཕེལ་མ་འགྱོ་མི་ རྒྱལ་ཁབ་ཚུ་ནང་ བརྒྱ་ཆ་༡༥ འདུག་ཟེར་ ཨིན་པས།
གསོ་བའི་ནད་བཀག་ཞིབ་འཚོལ་སྡེ་ཚན་གྱིས་ སྨན་ཁང་ཆེ་རིམ་༡༥ ནང་ བརྟག་ཞིབ་འབདཝ་ད་ རྒྱལ་ཁབ་ནང་ འཕྲོད་བསྟེན་དང་འབྲེལ་བའི་ ནད་གཞི་ཐོབ་མི་བསྡོམས་བརྒྱ་ཆ་༦.༧ འདུག་ཟེར་ཨིན་པས།
སྨན་ཁང་༡༥ ལས་ ནདཔ་༣༧༣ ལུ་ བརྟག་ཞིབ་འབད་བའི་སྐབས་ ནདཔ་༢༥ ལུ་ འཕྲོད་བསྟེན་དང་འབྲེལ་ བའི་ ནད་གཞི་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ ཁང་ནང་ ནད་གཞི་ཐོབ་མི་བརྒྱ་ཆ་༨.༨༣ ཡོདཔ་བཞིན་དུ་ སྨན་ཁང་ཚུ་གི་གྲས་ལས་ ནད་གཞི་ཐོབ་མི་ མཐོ་ཤོས་ཨིནམ་སྦེ་ བཀོད་ནུག།
གཤག་བཅོས་ཀྱི་ཤུལ་ལས་ འབུ་ནད་ཐོབ་མིའི་གྱངས་ཁ་དེ་ཡང་ མཐོ་ཤོས་ཨིནམ་ད་ དེ་ཡང་ བརྒྱ་ཆ་༣༢ དང་ དེ་གི་འོག་ལས་ར་ སྨན་བཅོས་ཁང་ལས་ཐོབ་མི་བརྒྱ་ཆ་༢༤ དེ་ལས་ རླུང་སྒོ་གློ་བའི་ཚ་ནད་བརྒྱ་ཆ་༡༢ ཨིན་པས།
ནད་གཞི་དར་ཁྱབ་སོང་མི་དེ་ཡང་ འཆར་གཞི་སྐྱོ་དྲགས་སྦེ་བརྩམས་མི་དང་ ནད་བཀག་ཐབས་ཀྱི་ འཆར་དངུལ་ ལངམ་སྦེ་མེདཔ་ རྫོང་ཁག་སྨན་ཁང་ཚུ་ནང་ སྨན་ཁང་ནང་ལས་ཐོན་མི་ ཕྱགས་སྙིགས་འཛིན་སྐྱོང་ཚུ་ སྒྲིང་སྒྲི་སྦེ་ བདག་འཛིན་མ་འཐབ་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ནད་བཀག་ཐབས་ཀྱི་ ཞབས་ཏོག་དོན་ལུ་ ལྟ་རྟོག་འབད་མི་མེདཔ་མ་ཚད་ ཕྲ་འབུབ་མཁས་མཆོག་དང་ ཞབས་ཏོག་བྱིན་མི་ དེ་ལས་ ནད་བཀག་ཐབས་དང་ ནད་བརྟག་ནང་ ནོར་འཁྲུལ་བྱུང་བའི་ དཀའ་ངལ་འདུག་ཟེར་ཨིན་པས།
འཕྲོད་བསྟེན་དང་འབྲེལ་བའི་ ནད་གཞི་ཐོབ་མི་ཚུ་ མང་ཤོས་ར་ གཤག་བཅོས་ས་ཁོངས་དང་ ཆབ་གསང་བསྡུསཔ་འཐོན་ས་དང་འབྲེལ་བའི་ནད་གཞི་ གློ་བའི་ཚ་ནད་ རླུང་སྒོ་ ཁྲག་ལུ་བརྟེན་པའི་ནད་ཐོབ་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཨིན་མས་ཟེར་ ཨིན་པས།
གསོ་བའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ ལགཔ་གཙང་སྦྲ་དང་ལྡནམ་སྦེ་བཞག་ནི་དང་ མཐའ་འཁོར་གནས་སྟངས་ཚུ་ ཧིང་སངས་ས་སྦེ་བཞག་ནི་ གསོ་བའི་ལས་བྱེདཔ་ཚུ་གིས་ ནད་འབུབ་བཀག་ཐབས་འབད་ནི་དང་ སྨན་བཅོས་ཕྱགས་སྙིགས་ཚུ་ ས་དོང་ནང་བཙུགས་བཞག་ནི་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ནང་ཡང་ ནད་གཞི་འཐོབ་ནི་མེདཔ་སྦེ་ བཞག་དགོཔ་ཚུ་ཨིན་པས།
འཕྲོད་བསྟེན་དང་འབྲེལ་བའི་ འབུ་ནད་བཀག་ཐབས་ཀྱི་དོན་ལུ་ གསོ་བའི་མཁས་མཆོག་ཚུ་ལུ་ སྦྱོང་བརྡར་དང་ གོ་བརྡ་སྤེལ་ནི་ དེ་ལས་ རྒྱལ་ཡོངས་འབུ་ནད་བཀག་ཐབས་དང་ སྨན་ཁང་ནང་ལས་ཐོན་མི་ ཕྱགས་སྙིགས་བཀག་འཛིན་ལམ་སྟོན་ཚུ་ བཟོ་དགོཔ་འདུག་ཟེར་ ཨིན་པས།
མ་འོངས་པ་ལུ་ ལོ་བསྟར་བཞིན་དུ་ འཕྲོད་བསྟེན་དང་འབྲེལ་བའི་ ནད་གཞི་བཀག་ཐབས་དོན་ལུ་ ཐེངས་༣ རེ་ སྨན་ཁང་དང་ གཙོ་བསྟེན་སྨན་ཁང་ཚུ་ནང་ སྐོར་རྒྱབ་ཐོག་ལས་ སྨན་བཅོས་འབད་ནི་དང་ སྙན་ཞུ་ཚུ་ བསྡུ་སྒྲིག་འབད་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *