འཕྲོད་བསྟེན་གཅིག་གི་ ཐབས་བྱུས་འཆར་གཞི་༢༠༡༧-༢༠༢༡ ཅན་མ་ ལག་ལེན་འཐབ་ནི།

༉ འབྲུག་གི་འཕྲོད་བསྟེན་གཅིག་གི་ ཐབས་བྱུས་འཆར་གཞི་༢༠༡༧ ལས་༢༠༢༡ ཟེར་མི་དེ་ ལག་ལེན་འཐབ་ནི་གི་དོན་ལུ་ ཁ་ཙ་ གསོ་བའི་ལྷན་ཁག་ནང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
སོ་ནམ་ལྷན་ཁག་ རྒྱལ་ཡོངས་སེམས་ཅན་འཕྲོད་བསྟེན་ལྟེ་བའི་ ལས་རིམ་མདོ་ཆེན་ ཌོག་ཊར་ཀུན་བཟང་འབྲུག་པ་གིས་ བཤད་མི་དང་འཁྲིལཝ་ད་ འཕྲོད་བསྟེན་གཅིག་ཡོད་མི་དེ་ མི་དང་སེམས་ཅན་ དེ་ལས་ རང་བཞིན་གནས་སྟངས་ཀྱི་ འཕྲོད་བསྟེན་ཚུ་ དྲག་ཤོས་བཟོ་ནི་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལས་སྡེ་གཅིག་བཟུམ་སྦེ་ ལཱ་ཚུ་མཉམ་འབྲེལ་ཐོག་ལས་ འབད་ཐབས་ལུ་ཨིན་ཟེར་ཨིན་པས།
གསོ་བའི་ལྷན་ཁག་དང་ སོ་ནམ་ལྷན་ཁག་གཉིས་ཀྱིས་ འབྲེལ་ཡོད་ལས་སྡེ་ གཞན་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་དེ་ སྤྱི་ལོ་༢༠༠༤ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
འཛམ་གླིང་འཕྲོད་བསྟེན་གཅིག་ཡོད་མི་དེ་ སྤྱི་ལོ་༢༠༡༦ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ དེ་ཡང་ འཕྲོད་བསྟེན་གཅིག་གི་ མཉམ་འབྲེལ་དགོ་པའི་སྐོར་ལས་ ཧ་གོ་ཚུགས་ནི་དང་ མི་སེར་ཡོངས་ཀྱིས་ ཧ་གོ་ཚུགས་ནི་གི་དོན་ལུ་ཨིན་པས།
སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ འཛམ་གླིང་འཕྲོད་བསྟེན་གཅིག་གི་ ཉིནམ་བརྩི་སྲུང་དང་འབྲེལ་ཏེ་ དེ་གིས་ འཛམ་གླིང་ནང་གི་ འཕྲོད་བསྟེན་དང་འབྲེལ་བའི་ གདོང་ལེན་ཚུ་ སེལ་ཐབས་ལུ་ཨིན་ཟེར་ བཤད་ཅི།
སོ་ནམ་བློན་པོ་གིས་འབད་བ་ཅིན་ འཕྲོད་བསྟེན་གཅིག་ཡོད་མི་དེ་ ཡིག་ཐོག་ལུ་རྐྱངམ་གཅིག་མེན་པར་ དངོས་སུ་སྦེ་ ལག་ལེན་འཐབ་ཚུགས་མི་དེ་ལུ་ རྗེས་སུ་ཡིད་རངས་ཡོད་ཟེར་ཨིནམ་ད་ དེ་ཡང་ གསོ་བ་དང་ སོ་ནམ་ལྷན་ཁག་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ སྤྱི་ལོ་༢༠༠༤ ལས་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཨིན་ཕུ་ལུ་ཡིན་ཛ་ ཨེཆ་པི་ཨེ་ཨའི་དང་ འཛམ་གླིང་ནང་ ཁྱབ་སྤེལ་སོང་མི་ ཨིན་ཕུ་ལུ་ཨིན་ཛ་ནད་རིམས་ཚུ་ མི་ལུ་ ཁྱབ་སྤེལ་མ་འགྱོཝ་ལས་ མཐར་འཁྱོལ་ཅན་སྦེ་ བཀག་འཛིན་འབད་ཚུགས་ཅི་ཟེར་བཤད་ཅི།
ད་རུང་ འཕྲོད་བསྟེན་གཅིག་གི་ ལས་རིམ་ནང་ མཆོལ་ནད་བཀག་ཐབས་འབད་ནི་དེ་ཡང་ ཚུད་དེ་ཡོདཔ་ལས་ རྒྱལ་ཁབ་ནང་ རོ་ཁྱི་གིས་ སོ་བཏབ་པའི་རྩོད་དོན་༧,༠༠༠ དེ་ཅིག་ ཐོན་ཡོད་མི་ལས་ སེམས་ཅན་དག་པ་ཅིག་ལུ་ མཆོལ་ནད་ཐོབ་ཡོདཔ་ཨིན་རུང་ མི་ལུ་ མཆོལ་ནད་ཐོབ་མི་གཉིས་ལས་བརྒལ་ མ་ཐོན་མི་དེ་ཡང་ གཅིག་ སྤྱི་ལོ་༢༠༡༣ ལུ་དང་ གཞན་མི་དེ་ སྤྱི་ལོ་༢༠༡༦ ལུ་ ཐོབ་མི་དེ་ཨིན་པས།
འབྲུག་འདི་ འཕྲོད་བསྟེན་གཅིག་ཟེར་མི་ ལག་ལེན་འཐབ་མིའི་ནང་ དཔེ་སྟོན་གྱི་ རྒྱལ་ཁབ་ཅིན་ཨིན་རུང་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་དེ་ འབུ་ནད་འཐོབ་ནི་གི་ ཉེན་ཁ་སྦོམ་ཡོད་པའི་ ས་གནས་ནང་ ཚུད་དེ་ཡོདཔ་ལས་ འབུ་ནད་ཚད་ནད་ཌེན་གུ་དང་ ཛུ་ནོ་ཊིག་ཨིན་ཕུ་ལུན་ཛ་ ཛི་ཀ་ལ་སོགས་པ་ཚུ་ ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
འབུ་ནད་ཚུ་གི་གྲས་ལས་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་ཡོད་མི་དེ་ཡང་ ཛུ་ནོ་ཊིག་ནད་གཞི་ཚུ་ཨིནམ་ད་ ཉེན་ཁ་བརྒྱ་ཆ་༧༢ དེ་ཅིག་ཡོད་མིའི་ནང་ལས་ བརྒྱ་ཆ་༦༠ དེ་ཅིག་ རི་དྭགས་སེམས་ཅན་ཚུ་ལས་ ཐོབ་ཨིན་ཟེར་ སོ་ནམ་བློན་པོ་གིས་ བཤད་ཅི།
དེ་འབདཝ་ལས་ འཕྲོད་བསྟེན་གཅིག་ཟེར་མི་དེ་ནང་ མི་དང་ རི་དྭགས་སེམས་ཅན་ དེ་ལས་ རང་བཞིན་གནས་སྟངས་ཚུ་ ག་ར་ཕན་ཚུན་འབྲེལ་གནད་ཡོདཔ་སྦེ་ ངོས་འཛིན་འབད་དོ་ཟེར་ བློན་པོ་གིས་ བཤད་ཅི།
འཕྲོད་བསྟེན་གཅིག་ཟེར་མི་དེ་ མཐར་འཁྱོལ་ཅན་དང་ མགྱོགས་སུ་སྦེ་ གདོང་ལེན་འབད་ནི་གི་དོན་ལུ་ མི་གི་འཕྲོད་བསྟེན་དང་ སེམས་ཅན་གྱི་འཕྲོད་བསྟེན་ དེ་ལས་ རང་བཞིན་གནས་སྟངས་ནང་ འབྲེལ་བ་ཡོད་མི་ཚུ་གིས་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་ཚུ་ འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
རྒྱལ་ཁབ་ཀྱིས་ འཕྲོད་བསྟེན་གཅིག་ཟེར་མིའི་ ཐབས་བྱུས་འཆར་གཞི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༢༢ ལུ་ ཆ་འཇོག་གྲུབ་གནང་པའི་ཤུལ་ལུ་ ཁ་ཙ་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ལས་ ད་ལས་ཕར་ ལག་ལེན་འཐབ་ནི་ཨིན་པས།
ཆིངས་ཡིག་དེ་ཡང་ གསོ་བའི་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ ནང་སྲིད་ལྷན་ཁག་དང་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ཚུ་གི་བར་ན་ འཕྲོད་བསྟེན་གཅིག་གི་ ཐབས་བྱུས་འཆར་གཞི་༢༠༡༧-༢༠༢༡ གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *