རྒྱལ་ཡོངས་ཚོགས་ཁང་གི་ ཞལ་འཛོམས་ཁང་ནང་ འབྲེལ་ཡོད་ལས་སྡེ་ཚུ་གི་ ངོ་ཚབ་དང་ འགོ་དཔོན་ཚུ་འཛོམས་ཐོག་ལུ་ འཕྲུལ་རིག་དང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ ལེགས་བསྒྱུར་གྱི་དོན་ལུ་ གྲོས་བསྡུར་འབད་བའི་བསྒང་།

འཕྲུལ་རིག་དང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ ལེགས་བསྒྱུར་འབད་ནི།

༉ ཁ་ཙ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ ལེགས་བསྒྱུར་འབད་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ གྲལ་གཏོགས་ཡོད་པའི་ ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།
དེ་ཡང་ ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོད་མི་ འཕྲུལ་རིག་དང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ ད་ཚུན་གྱི་བར་ན་ གནས་སྟངས་བསྒྱུར་བཅོས་མེད་པར་ཡོདཔ་ལས་ ལེགས་བསྒྱུར་འབད་ཐབས་ལུ་ཨིན་པས།
བློན་ཆེན་གྱི་ སྐུ་སྒེར་དྲུང་ཆེན་ བཙན་སྐྱོགས་ཀྱིས་ སློབ་རིམ་༡༠ པ་ཚུ་ལས་ གཞུང་དང་ སྒེར་གྱི་སློབ་གྲྭ་ དེ་ལས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཛུལ་ཞུགས་འབད་མི་ཚུ་གི་ ཞིབ་འཚོལ་འབད་བའི་སྙན་ཞུ་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཛུལ་ཞུགས་འབད་མི་དེ་ གྱངས་ཁ་ཉུང་སུ་ལས་བརྒལ་མིན་འདུག་ཟེར་ཨིན་པས།
དཔེར་ན་ སྤྱི་ལོ་༢༠༡༨ ལུ་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་མི་༡༡,༦༧༩ ཡོད་མི་ལས་ གཞུང་གི་སློབ་གྲྭ་ནང་༦,༢༤༩ དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་༢,༦༣༣ དེ་ལས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་༧༥༢ ལས་མེདཔ་ཨིན་པས།
ཚད་སྙོམས་སྦེ་ ཨིན་པ་ཅིན་ ལོ་བསྟར་བཞིན་དུ་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ ན་གཞོན་༡,༥༠༠ དེ་རེ་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་ བཤོལ་བཞག་འགྱོ་དོ་ཡོདཔ་ད་ སློབ་རིམ་༡༠ པའི་ ན་གཞོན་བརྒྱ་ཆ་༧ གྱིས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཛུལ་ཞུགས་འབད་ནུག།
དེ་འབདཝ་ལས་ སྤྱིར་བཏང་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་འཕྲོ་མཐུད་སྦྱང་དོ་བཟུམ་སྦེ་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཛུལ་ནི་ལུ་སྤྲོ་བ་ལེན་ཏེ་ ཤེས་ཡོན་འཕྲོ་མཐུད་ལྷབ་བཅུག་ཐབས་ལུ་ ད་ལས་ཕར་ སྤེལ་ཁང་ཚུ་ ལེགས་སྒྱུར་འབད་དགོཔ་འདུག་ཟེར་ བཙན་སྐྱོགས་ཀྱིས་ཞུ་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ སྤེལ་ཁང་ལེགས་སྒྱུར་འབད་ནིའི་དོན་ལུ་ བློན་ཆེན་ཡིག་ཚང་གིས་ གཞི་བཀོད་བཟོ་མི་ཡང་ སྦྱོང་བརྡར་སྤེལ་ཁང་གི་ ལས་རིམ་དང་ རྩ་གཞུང་བསྐྱར་ཞིབ་འབད་ནི་ ཡུན་བརྟན་གྱི་ གཞི་རྟེན་མཐུན་རྐྱེན་སྤྲོད་ནི་ སྲིད་བྱུས་དང་ ལམ་ལུགས་བསྒྱུར་བཅོས་འབད་ནི་ བདག་སྐྱོང་དང་ འཛིན་སྐྱོང་གི་སྒྲིག་གཞི་བཟོ་ནི་ ལཱ་གཡོག་གི་གོ་སྐབས་ དེ་ལས་ སློབ་སྟོན་གོང་འཕེལ་གཏང་ནི་ཚུ་ཨིན་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ སློབ་རིམ་༡༠ པ་དང་༡༢ པ་མཐར་འཁྱོལ་བའི་ཤུལ་ལས་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་འཛུལ་ནི་ལུ་ སྤྲོ་བ་ལེན་མི་ གངམ་མེད་མི་དེ་ ད་ལས་ཕར་ འབྲིང་རིམ་སློབ་གྲྭ་འོག་མ་ལས་ རྩ་གཞུང་བཙུགས་ནི་ཨིན་པས།
བློན་ཆེན་འབད་བ་ཅིན་ སློབ་རིམ་༧ པ་ལས་༡༠ པ་ཚུན་ འཕྲུལ་རིག་དང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་ ཆོས་ཚན་ཚུ་ རྩ་གཞུང་སྦེ་ དཔེ་ཆ་སྟོན་ནི་དང་ སློབ་རིམ་༡༠ མཐར་འཁྱོལ་བའི་ཤུལ་ལས་ སློབ་རིམ་༡༡ པ་དང་༡༢ པའི་ནང་ ཚན་རིག་དང་ ཚོང་འབྲེལ་ རྩིས་ དེ་ལས་ སྦྱོང་བརྡར་སྤེལ་ཁང་གི་ ཆོས་ཚན་ཡང་ ལྷབ་ནིའི་དོན་ལུ་ རྩ་གཞུང་སྦེ་ བཟོ་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་རིམ་༡༠ པ་ལས་ ལོ་༢ ཀྱི་རིང་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ ཨིང་ལིཤ་དང་ ཚན་རིག་ ཚོང་རིག་ ཚོང་ལཱ་གི་ ཆོས་ཚན་བཟུམ་སྦེ་ སྤེལ་ཁང་གི་ ཆོས་ཚན་དང་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་ལོ་༢ བྱིན་ནི་ཨིན་པས།
སློབ་རིམ་༡༢ པ་དང་ སྦྱོང་བརྡར་ལོ་༢ ཀྱི་ཤུལ་ལས་ གཙུག་ལག་འོག་མའི་ ཤེས་ཡོན་ལྷབ་ནི་དང་ གཙུག་ལག་གི་ ཤེས་ཡོན་སྦྱང་བརྩོན་འབད་ནིའི་ གོ་སྐབས་སྤྲོད་ནི་ དེ་ལས་ ལཱ་གཡོག་ཡང་ འབད་ཚུགསཔ་བཟོ་ནི་དེ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་མོ་གིས་ ཞུ་མིའི་ནང་ ད་ལྟོའི་གནས་སྟངས་ནང་ སྦྱོང་བརྡར་སྤེལ་ཁང་གི་དོན་ལུ་ ས་མཚམས་དང་ རྡོ་མཚམས་བཟུམ་སྦེ་ རང་སོའི་འགན་ཁུར་འབག་ནི་མ་གཏོགས་ མཉམ་འབྲེལ་མེད་པའི་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་ལས་ ཡོངས་ཁྱབ་མདོ་ཆེན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ གོང་འཕེལ་འགྱོ་མི་ ཕྱི་རྒྱལ་ཁབ་ཚུ་ནང་ཡང་ སྦྱོང་བརྡར་སྤེལ་ཁང་ཚུ་གི་ ལམ་ལུགས་ཡོདཔ་ལས་ རྒྱལ་ཁབ་ནང་ ངེས་པར་དུ་ སྦྱོང་བརྡར་སྤེལ་ཁང་དགོ་ཟེར་ཨིནམ་ད་ རང་དབང་ཅན་གྱི་ གཙུག་སྡེ་བཟོ་ནི་ཨིན་པ་ཅིན་ བློན་ཆེན་ཡིག་ཚང་གིས་ རྒྱབ་སྐྱོར་གནང་དགོ་ཟེར་ཨིན་པས།
འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ དངོས་གྲུབ་རྡོ་རྗེ་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ ད་ལས་ཕར་ རང་དབང་གི་ གཙུག་སྡེ་ཅིག་སྦེ་ བཞག་པ་ཅིན་ རང་སོའི་སློབ་དཔོན་དང་ དབུ་འཛིན་ དེ་ལས་ མཁས་མཆོག་ཚུ་ བཙུགས་ཚུགས་ནི་དང་ སྦྱོང་བརྡར་པ་ཚུ་གི་ རིག་རྩལ་དང་ ལྕོགས་གྲུབ་ཡང་ གོང་འཕེལ་འགྱོ་ཚུགས་ཟེར་ཞུ་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྦྱོང་བརྡར་སྤེལ་ཁང་ཚུ་ རང་དབང་ཐ་དད་དང་ གཙུག་སྡེ་ཧྲིལ་སྦེ་ བཟོ་བ་ཅིན་ གཙུག་སྡེ་དེ་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་ཚུ་ གོང་འཕེལ་གཏང་ཚུགས་ཟེར་ཨིན་པས།
བཅའ་མར་གཏོགས་ལ་ལོ་ཅིག་གིས་ སྦྱོང་བརྡར་སྤེལ་ཁང་གི་ ཆོས་ཚན་ལུ་ སློབ་རིམ་༡༢ པ་ མཐར་འཁྱོལ་བའི་ཤུལ་ལས་ སྦྱོང་བརྡར་ལོ་༢ བྱིན་ནི་དང་ ལ་ལོ་ཅིག་གིས་ སློབ་རིམ་༧ པ་ལས་ར་ འགོ་བཙུགས་དགོཔ་དང་གདམ་ཁའི་ཆོས་ཚན་སྦེ་ ལྷབ་ནིའི་དོན་ལུ་ རྩ་གཞུང་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡི།
བཅའ་མར་གཏོགས་མི་ཚུ་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ རང་དབང་ཐ་དད་བཟོ་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་ བཞིན་དུ་ ལོ་༢ དང་༣ གྱི་རིང་ གནད་དོན་དེ་གི་དོན་ལུ་ བློན་ཆེན་ཡིག་ཚང་གིས་ བལྟ་རྟོག་དང་ རྒྱབ་སྐྱོར་ མཛད་དགོཔ་མ་ཚད་ ལེགས་བསྒྱུར་འབད་ནིའི་དོན་ལུ་ ལམ་ལུགས་དང་ སྲིད་བྱུས་ ལམ་སྟོན་ འཛིན་སྐྱོང་ དེ་ལས་ སྒྲིག་གཞི་ཚུ་ བཟོ་དགོཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *