འཕྲུལ་ཆས་ཀྱི་ དཀའ་ངལ་བྱུང་ཡོད་རུང་ གནམ་གྲུ་འཕུར་འགྲུལ་ལོག་འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༡༨ ཀྱི་ དྲོ་པ་ཆུ་ཚོད་༡༡:༤༠ ལུ་ སྤ་རོ་ལས་ ནེ་པཱལ་ཀཱཐ་་མཱན་ཌུ་ལུ་ འཕུར་འགྲུལ་འབད་ནི་ཨིན་མི་ གནམ་གྲུ་འབྲུག་ཨེར་ཀེ་བི་༤༠༠ དེ་ འཕྲུལ་ཆས་ཀྱི་ དཀའ་ངལ་ཐོན་པའི་ཤུལ་ལུ་ འཕུར་འགྲུལ་འབད་མ་ཚུགསཔ་ཨིན་པས།
འཕྲུལ་ཆས་ཀྱི་དཀའ་ངལ་དེ་ཡང་ གནམ་གྲུ་འཕུར་འགྲུལ་འབད་ནི་ འགོ་མ་བཙུགསཔ་ལས་ བདའ་ཟུན་ཡོདཔ་ལས་ མཁའ་འགྲུལཔ་ཚུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ བསྒུགས་བཞག་དགོཔ་བྱུང་ནུག།
འཕྲུལ་ཆས་ཀྱི་ དཀའ་ངལ་ཚུ་ ནན་བསྐྱར་དུ་ དབྱེ་དཔྱད་འབད་ཞིནམ་ལས་ གནམ་གྲུ་འཕུར་འགྲུལ་འབད་ཡོདཔ་ཨིན་རུང་ ལམ་ཕྱེད་ཀ་ལུ་ལྷོདཔ་ད་ ད་རུང་ འཕྲུལ་ཆས་ཀྱི་ དཀའ་ངལ་ཐོནམ་ལས་ སྤ་རོ་ལུ་ ལོག་འཕུར་འགྲུལ་འབད་དགོཔ་ བྱུང་ཡོདཔ་ཨིན་པས།
གནམ་གྲུ་དེ་ ཁ་ཙ་དྲོ་པར་རྐྱངམ་གཅིག་ སྤ་རོ་ལས་ ཀཱཐ་མཱན་ཌུ་ལུ་ འཕུར་ཡོདཔ་ད་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ འཕུར་འགྲུལ་འབད་མ་ཚུགས་མི་ མཁའ་འགྲུལཔ་ཚུ་ སྤ་རོ་ལུ་ ཟ་ཁང་ཚུ་ནང་ བཞག་དགོཔ་བྱུང་ནུག།
འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་དབང་ཕྱུག་གིས་ འགྲུལ་འཕྲིན་ཐོག་ལས་ སླབ་མིའི་ནང་ གནམ་གྲུ་དེ་ མ་འཕུར་བའི་ཧེ་མ་ལས་ གནམ་གྲུའི་དེད་དཔོན་གྱིས་ ཉེན་བརྡའི་འཕྲུལ་ཆས་ལས་ སྐད་ཅིག་རྐྱབ་སར་ གོ་ནུག་ཟེར་ཨིན་པས།
ཁོང་གིས་ དེ་འཕྲོ་ལས་ བརྟག་དཔྱད་འབད་ལྟཝ་ད་ ཉེན་བརྡའི་འཕྲུལ་ཆས་ཀྱི་ དཀའ་ངལ་ཨིན་མས་ཟེར་སླབ་སྟེ་ འཕྲུལ་ཆས་དེ་ དེ་འཕྲོ་ལས་ སོར་ཞིནམ་ལས་ ལོག་བཏང་ཡོདཔ་ཨིན་རུང་ གནམ་གྲུ་འཕུར་འགྲུལ་འབད་དེ་ ལམ་ཕྱད་ཀ་ལུ་ལྷོདཔ་ད་ ད་རུང་ སྐད་རྐྱབ་ཡོདཔ་ལས་ ལོག་དགོཔ་བྱུང་ནུག་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ གནམ་གྲུ་ལག་ལེན་ལམ་ལུགས་དང་འཁྲིལ་བ་ཅིན་ གནམ་གྲུ་འཕུར་སྡོད་པའི་སྐབས་ དཀའ་ངལ་བྱུང་པ་ཅིན་ ས་གནས་ཀྱི་ ཉེ་འདབས་ལུ་ ཆགས་དགོཔ་ལས་ དེ་དང་འཁྲིལ་ ལོག་སྤ་རོ་ལུ་འོང་སྟེ་ ཆགས་ཡོདཔ་སྦེ་ཨིན་པས།
ལས་འཛིན་གྱི་དོན་ལུ་ མཁའ་འགྲུལཔ་ཚུ་གི་ ཉེན་སྲུང་ལུ་ གཙོ་རིམ་བཟུང་དགོཔ་དེ་ཨིནམ་ལས་ གནམ་གྲུའི་དེད་དཔོན་དེ་གིས་ ལོག་སྤ་རོ་ལུ་ འཕུར་འགྲུལ་འབད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཏེ་ཨིན་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤད་པ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནམ་གྲུའི་འཕྲུལ་ཆས་དང་འབྲེལ་བའི་ དཀའ་ངལ་ཚུ་ འཐོན་ནི་ཡོདཔ་ད་ འཕྲལ་འཕྲལ་ར་ གནམ་གཤིས་གནས་སྟངས་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་རུང་ ལོ་གཅིག་ནང་ ཚར་༡ དང་༢ ལས་བརྒལ་ ཐོན་ནི་མེད་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *