འཕྲལ་ཁམས་ཅིག་ཁར་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་བྱུང་མི་ལུ་ བློན་ཆེན་གྱིས་ དོགས་སེལ།

༉ ཁ་ཙ་ བློན་ཆེན་གྱིས་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ དར་དཀར་ནང་ལུ་ ཨ་ལོ་རྨས་སྐྱེས་ཅིག་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་གྱིས་ རྩི་རང་གི་སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་རྐྱེན་བྱུང་མི་དེ་ སྲོག་སྐྱབས་འབད་ཚུགས་པར་ ལཱ་ཁག་རྐྱབ་ནུག་ཟེར་གསུངས་ཡི།
བློན་ཆེན་གྱིས་ མ་དངུལ་ཚད་འཛིན་འབད་མི་དེ་ གཞུང་གི་ལམ་ལུགས་ཅིག་ཨིན་པའི་ཁར་ ཧེ་མ་ལས་ འབད་བའི་སྲོལ་ཡོད་པའི་ཁར་ ད་ལས་ཕར་འབད་རུང་ ལོ་ངོ་བརྒྱ་ལས་བཅད་དེ་ འཕྲོ་མཐུད་འབད་ནི་ཨིན་མི་དེ་ཡང་ གཞུང་གིས་ རྒྱལ་ཁབ་ནང་ མཐུན་རྐྱེན་ཚད་གཅིག་ལས་བརྒལ་མེད་མི་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་མ་གཏོགས་ ད་ལྟོའི་གཞུང་གིས་ གསརཔ་ཅིག་ ག་ནི་ཡང་ འབད་དེ་མེད་ཟེར་གསུངས་ཡི།
བློན་ཆེན་གྱིས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ནང་ མར་ཁུ་མེད་མི་དེ་ ལམ་ལུགས་དེ་དང་འབྲེལ་བ་ ག་ནི་ཡང་མེད་རུང་ འཛིན་སྐྱོང་ནང་ དཀའ་ངལ་དུམ་གྲ་ཅིག་ཐོན་ཡོདཔ་མ་གཏོགས་ ནདཔ་སྐྱེལ་འདྲེན་འབད་མི་སྣུམ་འཁོར་ཚུ་ལུ་ མར་ཁུ་མེད་པར་ བཞག་སྟེ་མེད་ཟེར་གསུངས་ཡི།
ཚེ་འདས་ཨ་ལོའི་ཕམ་ལུ་ སེམས་ཕམ་ཡོད་རུང་ ང་བཅས་ཀྱིས་ ག་དེ་སྦེ་སླབ་སྟེ་འབད་རུང་ རྐྱེན་ངན་དེ་ལུ་ དོགས་སེལ་འབད་དེ་སླབ་རྩ་ལས་མེན་ཟེར་ གསུངས་ཡི།
ང་གིས་ ཚན་རིག་གི་སྒྲུབ་བྱེད་ཐོག་ལས་ ཨ་ལོ་དེ་ མ་ཤིཝ་འོང་ཟེར་ སླབ་མ་ཚུགས་རུང་ ཨ་ལོ་དེ་ སྣུམ་འཁོར་དེ་གིས་ རྩི་རང་སྨན་ཁང་ནང་ མ་ལྷོད་པའི་བར་ན་ ཤི་ནུག་ཟེར་ཨིན་པས།
རྩི་རང་གི་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་གྱིས་ ལར་རྒྱབ་ཚུན་སོང་སྟེ་ ནདཔ་ལེན་ཞིནམ་ལས་ ལོག་རྩི་རང་ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༤ དང་༥ དེ་ཅིག་ འགོར་ནི་ཨིན་པའི་ཁར་ རྩི་རང་སྨན་ཁང་ནང་ལྷོད་དེ་འབད་རུང་ ཨ་ལོའི་སྲོག་སྐྱབས་འབད་ཚུགས་པའི་ འཕྲུལ་ཆས་ཀྱི་མཐུན་རྐྱེན་མེདཔ་ལས་ ཨ་ལོ་དེ་ ཐིམ་ཕུག་སྨན་ཁང་ནང་ར་ འབག་འོང་དགོཔ་ཐོན་ཐོནམ་ འོང་ནི་ཨིནམ་ལས་ སྲོག་སྐྱབས་འབད་ཚུགས་ནི་དེ་ ལཱ་ཁག་ཅན་ཅིག་སྦེ་ སྡོད་ནུག་ཟེར་ཨིན་པས།
ཚེ་འདས་ཨ་ལོ་དེ་ལུ་ དབུགས་གཏོང་ལེན་དང་འབྲེལ་བའི་ ནད་གཞི་ཚབས་ཆེན་ཐོབ་ཡོདཔ་ལས་ རྩི་རང་སྨན་ཁང་ནང་ ལྷོད་ཚུགས་པ་ཅིན་ སྨན་བཅོས་དུམ་གྲ་ཅིག་ འབད་ཚུགས་ནི་ཨིན་རུང་ ཨ་ལོ་དེ་གི་ སྲོག་སྐྱབས་འབད་ཚུགས་པའི་ མཐུན་རྐྱེན་དོན་ལུ་ ཐིམ་ཕུག་ལུ་ར་ བསྐྱལ་དགོ་ཟེར་གསུངས་ཡི།
དེ་འབདཝ་ལས་ གསོ་བའི་ཉམས་མྱོང་ཐོག་ལས་འབད་བ་ཅིན་ ཨ་ལུ་དེ་ སྲོག་སྐྱབས་འབད་ཚུགས་པར་ ལཱ་ཁག་བཏང་བཏངམ་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ ལར་རྒྱབ་སྨན་ཁང་གི་སྣུམ་འཁོར་ནང་ མར་ཁུ་ཡོད་དེ་འབད་རུང་ ཨ་ལོ་དེ་འབག་སྟེ་ རྩི་རང་སྨན་ཁང་ཚུན་ བསྐྱལ་ནི་ལུ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ འགོར་ནི་ཨིན་པའི་ཁར་ ཨ་ལོ་དེ་ལུ་ ཚབས་ཆེན་དབུགས་གཏོང་ལེན་གྱི་ ནི་མོ་ནི་ཡ་ ནད་གཞི་ཐོབ་ཡོདཔ་ལས་ ཨ་ལོ་དེ་ ཉལ་ནིའི་སྨན་ཁབ་བཙུགས་ཐོག་ལས་ དབུགས་གཏོང་ལེན་གྱི་ སྨན་བཅོས་རྒྱབ་སྐྱོར་ བྱིན་དགོཔ་སྡོད་ནུག་ཟེར་ཨིན་པས།
ཨིན་རུང་ རྐྱེན་ངན་དེ་ནང་ འབྲེལ་བ་ཡོད་མི་ཚུ་ལས་ འཐུས་ཤོར་སྦོམ་ཡོདཔ་མ་མཐོང་རུང་ མི་ཅིག་གི་ཚེ་སྲོག་ལུ་ བར་ཆད་འབྱུང་མི་བཅུག་ནིའི་ཐབས་ལུ་ ད་ལས་ཕར་ རྐྱེན་ངན་དེ་བཟུམ་ བཀག་འཛིན་འབད་ནིའི་དོན་ལུ་ ད་ལྟོའི་ ལམ་ལུགས་ནང་ སྐྱོན་ཡོད་མི་ཚུ་ སེལ་ཐབས་ལུ་ གསོ་བའི་ལས་བྱེདཔ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཟེར་གསུངས་ཡི།
ཨ་ལོ་དེ་གི་ སྲོག་སྐྱབས་འབད་ནི་ལུ་ ནང་པའི་དྲུང་འཚོ་དང་ སྨན་པ་ཚུ་གིས་ རྒྱབ་སྐྱོར་ག་དེ་དྲག་དྲ་ འབད་ཡོད་པའི་ཁར་ གནས་སྟངས་ལུ་ འཐུས་ཤོར་བའི་སྐྱོན་སྦོམ་ ག་ནི་ཡང་མ་མཐོང་ཟེར་ཨིནམ་ད་ ནདཔ་བསྐྱལ་མི་སྣུམ་འཁོར་ལུ་ མར་ཁུ་མེད་པར་བཞག་ནི་དེ་ མ་བཏུབ་ཅིག་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་ བྱུང་རྐྱེན་དེ་དང་ གཞུང་གིས་ འཆར་དངུལ་ཚད་འཛིན་འབད་མི་གཉིས་ལུ་ འབྲེལ་བ་ཡོད་པའི་སྐོར་ལས་ དྲི་བ་ཞུ་མི་ལུ་ བློ་ཆེན་གྱིས་ གཞུང་གིས་ མ་དངུལ་ཚད་འཛིན་འབད་མི་དེ་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ནིའི་དོན་ལུ་ འབད་འབདཝ་རྩ་ལས་མེན་ཟེར་ དོགས་སེལ་གནང་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ གནད་དོན་དེ་ལུ་ མི་ཚུ་གིས་ ཕྱོགས་གཅིག་ལས་རྐྱངམ་གཅིག་ བལྟ་དོ་བཟུམ་མཐོང་ཡོདཔ་ལས་ ཚད་འཛིན་འབད་མི་དེ་ལུ་ ལྷན་ཁག་གི་ཧོངས་ལས་འབད་བ་ཅིན་ འཆར་དངུལ་བགོ་བཀྲམ་ནང་ལྷོདཔ་ད་ བགོ་བཀྲམ་དེ་ལུ་བརྟེན་ ཨ་ལོ་དེ་ལུ་ ཤི་རྐྱེན་བྱུང་བྱུངམ་མེན་ཟེར་ བཤད་ཅི།
དེ་བཟུམ་མའི་ གནས་སྟངས་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཐད་ཁར་ བློན་ཆེན་གྱིས་ མི་ཚུ་གིས་ ཞབས་ཏོག་དེ་ ག་ཐོབ་སྦེ་ ལེན་མི་ཐོན་ནི་དེ་གིས་ ལམ་ལུགས་ཚུ་བཟོ་སྟེ་ཡོདཔ་ལས་ དེ་དང་འཁྲིལ་ འབད་དགོ་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *