འཕགས་མཆོག་དགོན་པའི་ མི་ཚུ་གིས་ ཉི་དྲོད་གློག་རྒྱུན་གྱི་ ར་བ་བསྒོར་བའི་བསྒང་།

འཕགས་མཆོག་དགོན་པ་ལུ་ ཉི་དྲོད་གློག་རྒྱུན་གྱི་ར་བ་དང་ ཆུ་མཛོད་ཀྱི་རྒྱབ་སྐྱོར།

༉ བསམ་གྲུབ་ལྗོངས་མཁར་བརྩོན་ཤུགས་ལས་ཚོགས་ཀྱིས་ ལའུ་རི་རྒེད་འོག་དང་གཅིག་ཁར་ མཉམ་འབྲེལ་འབད་ཐོག་ལས་ འཕགས་མཆོག་དགོན་པ་ལུ་ ས་ཆ་ཨེ་ཀར་༢༤ བཟའ་སྤྱོད་མ་འབད་བར་ བཞག་ཡོད་མི་དེ་ སང་ཕོད་ལས་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཉི་དྲོད་གློག་རྒྱུན་གྱི་ ར་བ་བསྒོར་ནི་ཨིནམ་མ་ཚད་ ལི་ཊར་༣༠,༠༠༠ གི་ ཤོང་ཚད་ཡོད་མི་ ཆུ་མཛོད་ཅིག་ཡང་ རྐྱབ་ཡོདཔ་ཨིན་པས།
ལས་འགུལ་གྱི་ དམིགས་ཡུལ་དེ་ཡང་ མི་སྡེ་ནང་ ཡུན་རིང་གི་ བཟའ་འཐུང་དང་ ཟས་བཅུད་ཀྱི་ཐོག་ལས་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ཨིནམ་ད་ ཉེ་འདབས་ཀྱི་གཡུས་ཚན་ རལ་སྣང་དང་ མོམ་རིང་༢ ནང་ སྤྱི་ལོ་༢༠༡༦ ལུ་ ཉི་དྲོད་གློག་རྒྱུན་གྱི་ར་བ་བྱིན་ཡོདཔ་ལས་ ཕན་ཐོགས་སྦོམ་ བྱུང་ཡོདཔ་ཨིན་པས།
འཕགས་མཆོག་དགོན་པ་གཡུས་ཚན་ནང་ རི་དྭགས་སེམས་ཅན་དང་ ཆུ་གཡུར་ལེགས་ཤོམ་མེད་པའི་ དཀའ་ངལ་ལུ་བརྟེན་ འབྱ་འཛུགས་སྐྱོང་འབད་ནི་ བཤོལ་བཞག་འབད་ཡོད་རུང་ ཉི་དྲོད་གློག་རྒྱུན་གྱི་ར་བ་དང་ ཆུ་མཛོད་རྐྱབ་ཐོག་ལས་ འཕགས་མཆོག་དགོན་པ་ དགའ་འུང་ལུ་ ས་ཆ་ཨེ་ཀར་༢༤ ནང་ ལོག་འབྱ་འཛུགས་སྐྱོང་འབད་ནི་ཨིན་པས།
བསམ་གྲུབ་ལྗོངས་མཁར་བརྩོན་ཤུགས་ལས་ཚོགས་ཀྱི་ ལས་རིམ་འགོ་དཔོན་ ཆོས་སྐུ་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ འཕགས་མཆོག་དགོན་པའི་ ཁྱིམ་གུང་པ་༢༣ གྱི་ སོ་ནམ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ཉེ་འདབས་ཀྱི་གཡུས་ཚན་ རོལ་སྣང་དང་ མོམ་རིང་༢ ལུ་ཡང་ ཕན་ཐོགས་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ བཟའ་འཐུང་རང་མགོ་རང་འདྲོངས་རྐྱངམ་གཅིག་མེན་པར་ རྒྱ་གར་ལས་ ཆུམ་ནང་འདྲེན་ བརྒྱ་ཆ་༤༠ དེ་ཅིག་ མར་ཕབ་འབད་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ ཨིནམ་མ་ཚད་ མི་སྡེ་དང་ ཁྱིམ་གུང་པའི་ གནས་ཚད་ནང་ ཚོད་བསྲེ་ལངམ་སྦེ་ བཟོ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་ཨེ་ཀར་༢༤ ནང་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཉི་དྲོད་སོ་ལར་གྱི་ ར་བ་བསྒོར་ནི་དང་ ཆུ་མཛོད་རྐྱབ་པའི་སྐབས་ རྒེད་འོག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཆུ་དུང་ཚུ་ཡང་ རྒྱབ་སྐྱོར་འབད་ནི་ཨིནམ་ལས་ སོ་ནམ་པ་ཚུ་གིས་ཡང་ ས་ཆ་དེ་ ལོ་བསྟར་བཞིན་དུ་ བཟའ་སྤྱོད་འབད་ནི་སྦེ་ ཁས་ལེན་འབད་ཡི་ཟེར་ཨིན་པས།
ད་ལྟོ་ འབྱ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་མེནམ་ལས་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་ནི་ཨིནམ་ད་ ལ་ལོ་ཅིག་གིས་ གནམ་དགུན་གྱི་ ཚོད་བསྲེ་བཙུགས་དོ་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ ས་ཆ་གྲ་སྒྲིག་འབད་ཚར་བའི་ཤུལ་ལུ་ འཛུགས་སྐྱོང་འབད་ནི་ཨིན་པས།
ཆོས་སྐུ་གིས་ སླབ་མིའི་ནང་ འཆར་གཞི་དང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ མཐུན་འབྲེལ་ལེགས་ཤོམ་ བཟོ་ཐབས་ལུ་ ས་གནས་གཞུང་གི་ འགོ་དཔོན་དང་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྟུན་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ནང་ སོ་ནམ་པ་དང་ སློབ་ཕྲུག་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕགས་མཆོག་དགོན་པ་དེ་ འཕགས་མཆོག་དགོན་པའི་ སོ་ནམ་པ་ཚུ་གིས་ འགོ་དང་པ་ ཆུམ་གྱི་ཐོན་ཤུགས་ལུ་ གཙོ་བོ་བཏོན་དོ་ཡོདཔ་ལས་ སོ་ནམ་པ་༩ གདམ་འཐུ་འབད་དེ་ ཆུམ་ཐོན་ཤུགས་ཀྱི་ གཞི་རྟེན་སྦྱང་བ་འབད་ནིའི་དོན་ལུ་ འབྱ་འཛུགས་སྐྱོང་འབདཝ་ད་དང་ ཐོན་སྐྱེད་ག་དེམ་ཅིག་ ཡོདཔ་ཨིན་ན་ བལྟ་ཐབས་ལུ་ རེད་བསྡུ་བའི་སྐབས་ བདེ་བ་ཐང་རི་འཁྱེལ་ལུ་ ཁྱིད་འོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལའུ་རི་དེ་ མཐའ་ཟུར་གྱི་ རྒེད་འོག་ཅིག་འབདཝ་ལས་ རྒྱ་གར་ཨ་སམ་བརྒྱུད་དེ་ འགྱོ་དགོ་མི་ལུ་བརྟེན་ ལས་འགུལ་ལྟ་རྟོག་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིནམ་ད་ ཨིན་རུང་ སོ་ནམ་རྒྱ་སྐྱེད་འགོ་དཔོན་དང་ མི་སྡེའི་ལས་འགུལ་ མཉམ་འབྲེལ་བ་ དེ་ལས་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ བརྒྱུད་འཕྲིན་གྱི་ཐོག་ལས་ ལྟ་རྟོག་འབད་ནི་ཨིན་ཟེར་ཨིན་པས།
འཕགས་མཆོག་དགོན་པའི་ མི་ཚུ་གིས་ ལཱ་རྩ་འགེངས་འབད་དོ་ཡོད་པའི་ཁར་ མཉམ་འབྲེལ་ཡོདཔ་ལས་ སང་ཕོད་ འབྱ་འཛུགས་སྐྱོང་འབད་ནི་ལུ་ སེམས་དགའ་སྟེ་ཡོདཔ་ད་ རྒེད་འོག་གིས་ ལས་འགུལ་དེ་ རྒེད་འོག་གཞན་ཚུ་ནང་ཡང་ ཁྱབ་སྤེལ་འབད་ནིའི་ འཆར་གཞི་ཡོདཔ་ལས་ མི་ཚུ་གིས་ རང་མགོ་རང་འདྲོངས་ ཁག་ཆེ་བའི་སྐོར་ལས་ ཧ་གོ་ནུག་ཟེར་ ཆོས་སྐུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *