འདོད་སྤྱོད་དཔའ་བཅམ་འབད་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

༉ སྤྱི་ཟླ་༨ པའི་ཚེས་༢༠ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ རྒྱ་གར་གྱི་ མི་ཁུངས་ཅིག་ཨིན་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༨ ལང་མི་ རྒྱ་གར་གྱི་ ན་ཆུང་བུམོ་ཅིག་ལུ་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་ གནད་དོན་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།
བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ ཉམས་རྒུདཔ་བུམོ་དེ་ སློབ་གྲྭ་ནང་ལས་ ལོག་ཁྱིམ་ནང་ འོང་པའི་སྐབས་ བྱུང་ཡོདཔ་ཨིན་པས།
སྐྱེས་ལོ་༢༠ ལང་མི་ དོགས་པ་ཅན་ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་བུམོ་དེ་ རྒྱ་གར་གྱི་ ཌན་ཊཱག་སློབ་གྲྭ་ནང་ལས་ ལོག་ཁྱིམ་ནང་ འོང་པའི་སྐབས་ ཏི་རུ་བྱིན་ནི་ཟེར་སླབ་སྟེ་ དོགས་པ་ཅན་གྱི་ཁྱིམ་ནང་ ཁྱིད་སོང་ཞིནམ་ལས་ འདོད་སྤྱོད་འབད་ནིའི་ དཔའ་བཅམ་ཡོདཔ་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་པ་ཅན་གྱིས་ བུམོ་དེ་ དུས་ཡུན་དུམ་གྲ་ཅིག་གི་རྒྱབ་ལས་ ཏི་རུ་ནངས་པར་བྱིན་གེ་ཟེར་སླབ་སྟེ་ ལོག་ཁྱིམ་ནང་ བཏང་ཡོདཔ་བཞིན་དུ་ བུམོ་གིས་ དོགས་པ་ཅན་ལུ་ ཏི་རུ་འབག་ཤོག་ཟེར་སླབ་རུང་ བྱིན་མ་བཏུབ་ལས་ མོ་གིས་ གནད་དོན་དེ་ ཕོ་རྒནམ་ལུ་ སླབ་ནུག་ཟེར་ཨིན་པས།
དེ་ལས་ ཕོ་རྒནམ་གིས་ དབང་བཙོང་འདོད་སྤྱོད་འབད་བའི་ གནད་དོན་སྦེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དོགས་པ་ཅན་དེ་ འཛིན་བཟུང་འབད་བའི་ལུ་ ཉམས་རྒུདཔ་བུམོ་དེ་ སྨན་ཁང་ནང་ གསོ་བའི་བརྟག་དཔྱད་འབད་བར་ བཏང་པའི་སྐབས་ འདོད་སྤྱོད་མ་འབད་བའི་ མངོན་གསལ་བྱུང་ནུག་ཟེར་ཨིན་པས།
གནད་དོན་དེ་ འཕྲལ་མགྱོགས་ར་ ཁྲིམས་སྲུང་འགག་པ་གིས་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཕུལ་ནི་ཨིནམ་ད་ དོགས་པ་ཅན་དེ་ བསམ་གྲུབ་ལྗོངས་མཁར་ལུ་ ལཱ་འབད་དོ་ཡོདཔ་བཞིན་དུ་ ཉམས་རྒུདཔ་བུམོ་དེ་ ཌན་ཊཱག་ལས་འགུལ་ནང་ ལཱ་འབད་མི་ ཕམ་དང་གཅིག་ཁར་ སྡོད་དོ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *