འདོད་སྤྱོད་གནོད་འཚེ་འབད་མི་ལུ་བརྟེན་ རྫོང་ཁག་སྐྱིད་སྡུག་འགོ་དཔོན་འཛིན་བཟུང་།

༉ འདས་པའི་བདུན་ཕྲག་ནང་ ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་གིས་ སྒྲ་དབྱངས་ཁང་ནང་ལཱ་འབད་མི་ བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ལུ་བརྟེན་ རྫོང་ཁག་སྐྱིད་སྡུག་འགོ་དཔོན་དེ་ འཛིན་བཟུང་འབད་ནུག་ཟེར་མི་དེ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་ཨིན་མས་ཟེར་ ཨིན་པས།
ཀྲོང་གསར་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གྱིས་ བཤད་མི་དང་འཁྲིལཝ་ད་ དོགས་པ་ཅན་ཕོ་སྐྱེས་དེ་ འདས་པའི་བདུན་ཕྲག་གི་ རེས་གཟའ་ཟླ་བ་ལུ་ར་ འཛིན་བཟུང་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ སྒྲ་དབྱངས་ཁང་གི་ ཇོ་བདག་དེ་གིས་ ཉོགས་བཤད་བཀོད་པའི་ཤུལ་ལུ་ འཛིན་བཟུང་འབད་ཡོདཔ་སྦེ་ཨིན་པས།
བསམ་རྩེ་ འདམ་གཙང་མོ་ལས་ཨིན་མི་ དོགས་པ་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ བུམོ་དེ་དང་ཁོ་ར་ ཧེ་མ་ལས་ར་ ངོ་ཤེས་འདྲིས་ཤེས་ཡོདཔ་ལས་ དེ་ཚེ་ རེས་གཟའ་ཟླ་བའི་ནུབ་མོ་ ཁོ་གིས་ བུམོ་དེ་གི་ཁྱིམ་ནང་ སོང་ཡོདཔ་ངེས་བདེན་ཨིན་རུང་ དབང་བཙོང་ལུས་འབྲེལ་ མ་འབད་ཟེར་ཨིན་པས།
དེ་ཡང་ ཁོ་གིས་ བུམོ་དེ་ལུ་ བཟུང་ནིའི་དཔའ་བཅམ་ད་ མོ་གིས་སྐད་རྐྱབ་སྟེ་ ཁོ་ར་ ཕུད་བཏང་ཡོདཔ་ལས་ མོ་དང་གཅིག་ཁར་ ལུས་འབྲེལ་འབད་འབདཝ་ར་མེད་ཟེར་ སླབ་ཨིན་པས།
ཨིན་རུང་ ཉམས་རྒུདཔ་བུམོ་དེ་གི་ ངག་བརྗོད་དང་འཁྲིལཝ་ད་ དོགས་པ་ཅན་ ཕོ་སྐྱེས་དེ་གིས་ དབང་བཙོང་ལུས་འབྲེལ་ ངེས་བདེན་འབད་ཡི་ཟེར་ཨིན་པས།
ཀྲོང་གསར་སྨན་ཁང་གིས་ གསོ་བའི་བརྟག་དཔྱད་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ བུམོ་དེ་ལུ་ འདོད་སྤྱོད་འབད་ཡོད་པའི་ བརྡ་མཚོན་མེདཔ་མ་ཚད་ མོ་ར་ དབང་བཙོང་འབདཝ་ད་ ལཱ་ཁག་རྐྱབ་ཡོད་པའི་ རྟགས་མཚན་ཅིག་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
བུམོ་དེ་ ལོ་ན་མ་སྨིན་པ་ཅིག་ཨིནམ་ལས་ ཁྲིམས་སྲུང་འགག་པ་གིས་ སྒྲ་དབྱངས་ཁང་གི་ ཇོ་བདག་དེ་ལུ་ ལོ་ན་མ་སྨིན་པའི་བུམོ་ ག་ཅི་སྦེ་ སྒྲ་དབྱངས་ཁང་ནང་ ལཱ་འབད་བཅུགཔ་སྨོ་ཟེར་ དྲི་དཔྱད་འབད་བའི་སྐབས་ ཇོ་བདག་དེ་གིས་ བུམོ་དེ་ ཧེ་མ་ལས་ ཐིམ་ཕུག་ལུ་ སྒྲ་དབྱངས་ཁང་ནང་ ལཱ་འབད་ཡི་ཟེར་ སླབ་མི་ལུ་བརྟེན་ ཁོ་གིས་ཡང་ ངོས་ལེན་འབད་ཡི་ཟེར་ སླབ་ཡོདཔ་ཨིན་པས།
མ་གཞི་ བྱུང་རྐྱེན་དེ་ འཕྲལ་ཁམས་ཅིག་ཁར་ ཀྲོང་གསར་རྫོང་བདག་ སྲིད་དོན་ཚོགས་པ་ནང་ འཛུལ་ནི་སྦེ་ དགོངས་ཞུ་འབད་བའི་སྐབས་ ཕྱི་རུའི་ཚོགས་སྟོན་ལས་རིམ་ འགོ་འདྲེན་འཐབ་པའི་ཤུལ་ལས་ བྱུང་ཡོདཔ་སྦེ་ཨིན་པས།
གསོ་བའི་བརྟག་དཔྱད་སྙན་ཞུ་དང་འཁྲིལ་ཏེ་ ཁྲིམས་སྲུང་འགག་པ་གིས་ དབང་བཙོང་ལུས་འབྲེལ་མེན་པར་ འདོད་སྤྱོད་གནོད་འཚེ་གི་ ཉེས་འཛུགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *