འདོད་སྤྱོད་གནོད་འཚེ་འབད་མི་ སློབ་དཔོན་ཅིག་ལུ་ བཙོན་ཁྲིམས་ལོ་༣༠ བཀལ་ཡོདཔ།

༉ ཁ་ཙ་ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༥༦ ལང་མི་ སློབ་དཔོན་ཅིག་གིས་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཉེས་འཛུགས་ལུ་བརྟེན་ བཙོན་ཁྲིམས་ལོ་༣༠ བཀལ་ཡོདཔ་ད་ བྱ་ངན་དེ་ཡང་ སྤྱི་ལོ་༢༠༡༩ ལུ་ ཁོ་ར་ རྫོང་ཁག་གི་ སློབ་གྲྭ་ཅིག་ནང་ དབུ་འཛིན་ངོ་ཚབ་སྦེ་ སྡོད་པའི་སྐབས་ལུ་ འབད་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ དཱིལ་བྷ་དུར་ཆེ་ཏི་རི་ ནིའོ་པ་ནི་གིས་ འདོད་སྤྱོད་གནོད་འཚེ་འབད་བའི་ ཉེས་འཛུགས་ལུ་བརྟེན་ ལོ་༢༩ དང་ཟླཝ་༡༡ ཞག་གྲངས་༥ བཙོན་ནང་སྡོད་དགོཔ་ད་ དེ་ཡང་ ཁོ་ར་ ཞག་གྲངས་༢༥ འི་རིང་ དོ་དམ་ནང་ བཞག་མི་དེ་ ཕབ་ཐོག་ལས་ཨིན་པས།

དེ་མ་ཚད་ ཁོ་གིས་ ཉམས་རྒུདཔ་ཚུ་ལུ་ དངུལ་ཀྲམ་༩༠,༠༠༠ རེ་ རྒུད་འཐུས་སྦེ་ བཏབ་དགོ་ནི་ཨིནམ་ལས་ བསྡོམས་ཀྱིས་ དངུལ་ཀྲམ་༩༠༠,༠༠༠ བཏབ་དགོ་ནི་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ སློབ་རིམ་༢ པ་དང་༣ པའི་སློབ་ཕྲུག་བུམོ་༡༠ གྱིས་ སློབ་དཔོན་གྱིས་ གཟུགས་ཁར་དཀྲོགས་ཡོད་པའི་ཉེས་འཛུགས་འབད་ཡོདཔ་ད་ ཁོ་གིས་ རྒུད་འཐུས་དེ་ ཤུལ་མའི་སྤྱི་ཚེས་༢༠ གི་ནང་འཁོད་ སྤྲོད་དགོ་ནི་ཨིན་པས།

ཁོ་གིས་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་སྤྲོད་མ་ཚུགས་པ་ཅིན་ ཁོ་རའི་ རྒྱུ་ནོར་ཚུ་ འཕྱོག་བཟུང་འབད་ནི་ཨིནམ་ད་ ཁོ་རང་བཙོན་ནང་ སྡོད་དགོ་ཟེར་ཨིན་པས།

ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་༢༠༠༡ ཅན་མའི་ དོན་ཚན་༡༢ ཀྱི་༩༦.༥ དང་ དོན་ཚན་༡༧ གྱི་༡༠༩.༡ དང་འཁྲིལ་ཏེ་ ཁོ་གིས་ མཐོ་གཏུགས་ཞུ་ནིའི་དོན་ལུ་ ཞག་གྲངས་༡༠ འཐོབ་ནི་ཨིན་པས།

ཉེས་འཛུགས་ཅན་དེ་ སྤྱི་ལོ་༢༠༡༩ ཟླ་༡༡ པའི་ཚེས་༨ ལུ་ ཁྲིམས་སྲུང་འགག་སྡེ་དང་ རྫོང་ཁག་གི་ ཨ་ལོ་ཉེས་སྲུང་སྡེ་ཕྲན་ལུ་ ཉོགས་བཤད་ལྷོད་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

རྩི་རང་གི་ ཁྲིམས་སྲུང་འགག་སྡེ་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་བཤེར་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ནང་ བཏང་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *