འདོད་སྤྱོད་གནོད་འཚེ་དང་འབྲེལ་བའི་ གནད་དོན་ཐོག་ ཁྲིམས་ཀྱི་གོ་བརྡ་སྤྲོད་དགོཔ།

༉ རྒྱལ་ཁབ་ནང་ འདོད་སྤྱོད་གནོད་འཚེ་འབད་བའི་ གནད་དོན་དེ་ ཧེ་མ་དང་ཕྱདཔ་ད་ མང་སུ་སྦེ་ར་ ཐོན་དོ་ཡོདཔ་ལས་ ང་བཅས་ར་འབྲུག་མི་ཚུ་ དྲན་ཤེས་བཏོན་དགོ་པའི་ དུས་ཚོད་ཅིག་ལུ་ ལྷོད་ནུག།
དེ་ཡང་ག་འཆརཔ་ཟེར་བ་ཅིན་ བར་སྐབས་ཅིག་ལས་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ འདོད་སྤྱོད་གནོད་འཚེ་དང་འབྲེལ་བའི་ གནད་དོན་ཚུ་ལུ་བརྟེན་ ཕོ་སྐྱེས་ལེ་ཤ་ཅིག་ལུ་ ཉེས་འཛུགས་ཐོག་ ཁྲིམས་འདུན་ཚུ་གིས་ བརྩོན་ཁྲིམས་བཀལ་བའི་ ལོ་རྒྱུས་ཚུ་ བརྡ་བརྒྱུད་ཚུ་ནང་ ཁྱབ་ཆེར་ཐོན་ནི་དེ་གིས་ཨིན།
གཅིག་ལས་བལྟ་བ་ཅིན་ འབྲུག་མི་ཕོ་སྐྱེས་ཚུ་ མ་ཤེས་མཐོང་པའི་དབང་གིས་ དོན་དག་སྦོམ་ཅིག་ ག་ནི་ཡང་མེད་རུང་ གནད་དོན་ཆུང་ཀུ་ཅིག་ལུ་བརྟེན་ ཁྲིམས་ཀྱི་ཀ་རྟགས་དང་འཁྲིལ་ཏེ་ཨིན་ཟེར་ བཙོན་ཁྲིམས་ལོ་ལས་བཅད་དེ་ བཀལ་ནི་དེ་ཡང་ བལྟ་དགོཔ་ཅིག་འདུག།
ལྟ་རྟོག་པ་ཚུ་གིས་ བསམ་འཆར་བཀོད་མི་དང་འཁྲིལཝ་ད་ འདི་བཟུམ་མའི་གནད་དོན་ རྒྱུན་ཆད་མེད་པར་ ཐོན་དགོ་མི་དེ་ཡང་ ང་བཅས་རའི་མི་སྡེ་ནང་ དང་ཕུ་ ཕམ་ཚུ་གི་སྐབས་ལས་ར་ ཕོ་སྐྱེས་ཚུ་གིས་ ཨམ་སྲུ་ཚུ་ལུ་ དགོད་བྲོ་བསྒྱུརཝ་ད་ ཁ་གིས་ བཙོག་གཏམ་སླབ་ནི་དང་ ལགཔ་གིས་ གཟུགས་ཁར་དཀྲོགས་སྲོལ་ཡོད་མི་དེ་ ད་ལྟོ་ཡང་ དེ་བཟུམ་སྦེ་ར་ འབད་མི་ལུ་བརྟེན་ དོན་མེད་ཐོག་ལས་ ཉེས་ཁྲིམས་འབག་དགོཔ་ ཐོནམ་མས་ཟེར་ཨིན་མས།
ཁྲོམ་ཁར་སྡོད་མི་ཚུ་དང་ཕྱདཔ་ད་ ལགཔ་གིས་གཟུགས་ཁར་དཀྲོགས་པའི་ གནད་དོན་དེ་ མང་ཤོས་ཅིག་ གྲོང་གཡུས་ཚུ་ནང་ བྱུང་དོ་ཡོད་མི་དེ་ཡང་ གཡུས་ཁར་སྡོད་མི་ཚུ་གིས་ དེང་སང་ཁྲིམས་ཀྱི་ ལམ་ལུགས་ནང་ དེ་བཟུམ་འབད་ཆོག་དང་ མ་ཆོག་པའི་ རྣམ་གཞག་ཚུ་ སླབ་བྱིན་མི་མེད་པའི་ཁར་ མ་ཤེས་ནི་དེ་གིས་ཨིན་མས།
དཔེ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ཕུན་ཚོགས་གླིང་ལུ་ ཟ་ཁང་ལག་ལེན་འཐབ་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ ཚོང་ཁང་ནང་ ལཱ་གི་ཆ་རོགས་འབད་བྱིན་མི་བུམོ་ཅིག་ལུ་ ད་ཚུན་ ཕན་སེམས་བསྐྱེད་དེ་ ཆ་རོགས་འབད་བའི་མཐའ་མར་ ཉེས་ཁྲིམས་འབག་དགོ་པའི་ གནས་སྟངས་ལུ་ཐུག་ནུག།
དེ་ཡང་ ཁོ་རའི་ཁ་ཐུག་ལས་འབད་བ་ཅིན་ བསམ་པ་ངན་པའི་ཐོག་ལས་མེན་པར་ ཁོ་རའི་ བུམོ་བཟུམ་མའི་ མནོ་བསམ་བཏང་སྟེ་ བུམོ་ཅུང་དེ་གིས་ ལཱ་གི་ཆ་རོགས་འབད་བར་འོངམ་ད་ ཁོ་གིས་ ཡར་འཐུ་སྟེ་ ཨོམ་དང་བརླད་དོ་གུ་ དཀྲོགས་དཔ་ལས་ མ་ཤེས་མ་མཐོང་པའི་དབང་གིས་ གནོད་པ་ཚབས་ཆེན་མེན་རུང་ ཉེས་འཛུགས་ཕོག་ནུག།
དེ་དང་འདྲཝ་སྦེ་ ཕོ་སྐྱེས་ཚུ་གིས་ ཆང་འགྲངས་པའི་སྐབས་ དུམ་གྲ་རེ་ བུམོ་ཚུ་གི་གཟུགས་ཁར་ ལགཔ་གིས་དཀྲོགསཔ་ད་ བུམོ་ཚུ་གིས་འབད་རུང་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ འཛིན་བཟུང་ཐོག་ དོ་དམ་འོག་ལུ་ བཙུགས་ནི་དེ་ གཅིག་ལས་འབདན་ འགྲོ་བ་མིའི་དབང་ཆ་ འདྲ་མཉམ་མེདཔ་བཟུམ་མའི་ ཚོར་སྣང་བྱུང་མི་དེ་ཡང་ ཨམ་སྲུ་ཚུ་ལུ་ར་ བཅར་སུ་འབད་ནི་དེ་གིས་ཨིན་མས།
མ་གཞི་ རྒྱལ་ཁབ་ནང་ ཁྲིམས་ག་དེམ་ཅིག་ར་ དམ་དམ་སྦེ་ ལག་ལེན་འཐབ་རུང་ དེ་དང་བསྟུན་ དབང་བཙོང་འདོད་སྤྱོད་འབད་མི་དང་ འདོད་སྤྱོད་གནོད་འཚེ་འབད་མི་ཡང་ མང་སུ་སྦེ་ར་ ཐོན་དོ་ཡོད་མི་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཨིན་ན?
སྤྱིར་བཏང་གི་ བསམ་ལན་དང་འཁྲིལཝ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ང་བཅས་རའི་ མི་སྡེ་ཚུ་ནང་ དུས་དང་དུས་སུ་ འདོད་སྤྱོད་གནོད་འཚེ་དང་ དབང་བཙོང་ལུས་འབྲེལ་གྱི་ གནད་དོན་ཚུ་གི་ཐོག་ལུ་ ཁྲིམས་ཀྱི་ཁ་ཐུག་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་གནང་པ་ཅིན་ བཟའ་ཚང་འཚོ་སྐྱོང་འཐབ་ནི་དང་ བུ་གཞི་རྐང་ཐང་དྲངས་ནི་ལུ་ འགན་ཁུར་ངོ་མ་ཕོག་མི་ ཕོ་སྐྱེས་ཚུ་ མ་ཤོས་མ་མཐོང་པའི་ གནད་དོན་ཆུང་ཀུ་ཅིག་ལུ་བརྟེན་ ནང་དོག་སར་ ཚུད་དགོཔ་ཅིག་ མིན་འདུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *