འདོད་སྤྱོད་ཀྱི་ གནོད་འགེལ་འབད་མི་ སློབ་དཔོན་ལུ་ བཙོན་ཁྲིམས་ལོ་༤ བཀལ་ཡོདཔ།

༉ བསམ་རྩེ་ལུ་ སློབ་དཔོན་ཅིག་གིས་ སྐྱེས་ལོ་༡༡ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འམ་ བསུན་གཙེར་འབད་ཡོདཔ་ལས་ ཆེ་མཐོ་ཁྲིམས་ཁྲི་༣ པ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ནུག།

དེ་ཡང་ ཉེས་འཛུགས་ཅན་གྱིས་ བཙོན་ཁྲིམས་ལོ་ཕྱེད་དང་༥ འབག་དགོཔ་མ་ཚད་ ཉམས་རྒུདཔ་ལུ་ རྒུད་འཐུས་དངུལ་ཀྲམ་༡༠༠,༠༠༠ སྤྲོད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།

ཨིན་རུང་ ཐོག་མའི་ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཉེས་འཛུགས་དེ་ ཕྱིར་འབུད་ཐོག་ བྱིས་པ་བསུན་གཙེར་དང་ བརྡབ་གསིག་དང་འབྲེལ་བའི་ གནོད་འགེལ་༢ ཀྱི་ བཙོན་ཁྲིམས་སྨིན་ཡོདཔ་ད་ འཁྲུན་ཆོད་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ གནང་ཡོདཔ་ཨིན་པས།

བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ སློབ་དཔོན་ཡོག་རཱཇ་པུ་རི་གིས་ སྤྱི་ལོ་༢༠༡༨ ཟླ་༣ པའི་ནང་ ཟུར་ཆོས་ལྷབ་པའི་སྐབས་ ཁོ་རའི་ཁྱིམ་ནང་ གནས་ཚང་མེདཔ་ལས་ ཉམས་རྒུདཔ་སློབ་ཕྲུག་བུམོ་དེ་ འབོ་ཞིནམ་ལས་ གཟུགས་ཁར་དཀྲོགས་ཐོག་ལས་ འདོད་སྤྱོད་ཀྱི་ བྱ་སྤྱོད་འཐབ་པའི་ཁར་ ཁ་ལས་བཙོག་གཏམ་དང་ དགོད་བྲ་སླབ་སྟེ་ གསང་གནས་ལུ་ཡང་ ལག་པ་གིས་ དཀྲོགས་ནུག་ཟེར་ཨིན་པས།

སློབ་ཕྲུག་དཔང་པོ་ཚུ་གིས་ ངག་བརྗོད་ཕུལ་མི་ནང་ཡང་ ཉམས་རྒུདཔ་དེ་ སློབ་དཔོན་གྱི་ ཕང་མར་བཞག་སྟེ་ གསང་གནས་དཀྲོགས་སར་ མཐོང་པའི་ཁར་ སློབ་དཔོན་གྱིས་ ཉམས་རྒུདཔ་ལུ་ བྲིས་བསྐྱལ་མི་ ཡི་གུ་ནང་བལྟ་རུང་ སློབ་དཔོན་དང་ སློབ་ཕྲུག་གི་བར་ན་ དམ་ཚིག་མེད་པར་ དགའ་མཐུན་གྱི་ འདུ་ཤེས་བསྐྱེད་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག། 

ཉེས་འཛུགས་ཅན་གྱིས་ དུས་ཚོད་མང་ཤོས་ཁ་ལས་ བཙོག་གཏམ་དང་ དགོད་བྲ་འབད་ཡི་ར་ བཞག་ཡོདཔ་ལས་ ཉམས་རྒུདཔ་དེ་ དྲན་ཤེས་སམ་ ཚོར་སྣང་དྲག་པོའི་སྡུག་བསྔལ་གྱིས་མནར་བའི་ བྱ་སྤྱོད་འཐབ་མི་ལུ་བརྟེན་ ཉམས་རྒུད་པའི་སེམས་ལུ་ གནོད་འཚེ་བྱུང་ཡོདཔ་ལས་ བསུན་གཙེར་འབད་བའི་ ཉེས་ཁྲིམས་ལོ་༤ གུ་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་ཟླཝ་༦ བཀལ་ནུག།

ད་རུང་ ཉམས་རྒུད་པའི་ སེམས་ཁམས་ལུ་ གནོད་སྐྱོན་བྱུང་ཡོདཔ་ལས་ ཉེས་འཛུགས་ཅན་སློབ་དཔོན་གྱིས་ གྱོང་འཐུས་དངུལ་ཀྲམ་༡༠༠,༠༠༠ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།

ཉེས་འཛུགས་ཅན་དེ་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་བཞིན་དུ་  ཁོ་གིས་འབད་བ་ཅིན་ སློབ་ཕྲུག་བུམོ་ལུ་ བཙན་གཡེམ་དང་ བྱིས་པ་བསུན་གཙེར་ དེ་ལས་ བརྡབ་གསིག་འབད་འབདཝ་མེད་རུང་ ཁོ་ལུ་ ཉེས་ཁྲིམས་བཀལ་ཡོདཔ་ལས་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལེགས་སེམས་ཐོག་ལུ་ ཟུར་ཆོས་རིན་མེད་སྟོང་པ་སྦེ་ སྟོན་ཡོད་པའི་ཁར་ ཁོ་ར་ ལོ་༦༠ ལང་ཡོདཔ་མ་ཚད་ གུ་རམ་གྱི་ ནད་གཞི་ཐོབ་སྟེ་ ལོ་༢༠ ལང་ཡོདཔ་ལས་ འཁྲིག་སྤྱོད་ཀྱི་ འདོད་ཆགས་ཉམས་སོང་རུང་ གནས་ཚང་དང་གཅིག་ཁར་ སྡོད་ཡོད་ཟེར་ཨིནམ་ད་ སློབ་གྲྭ་ནང་ སྒྲིག་བཙུགས་པའི་སྐབས་ གཅེས་སེམས་ཐོག་ལུ་ ལགཔ་གིས་གཞོང་མི་དེ་ གོ་བ་བརྡ་ལོག་ལེན་ཏེ་ ཉམས་རྒུད་པའི་ ངག་བརྗོད་གུ་ གཞི་བཞག་སྟེ་ ཉེས་འཛུགས་བཀལ་མི་དེ་ འོས་འབབ་མིན་འདུག་ཟེར་ ཞུ་ཡོད་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *