འདེམས་ངོ་ཚུ་ སྲིད་ཚོགས་གཅིག་ལས་ གཅིག་ནང་འཛུལ་བའི་གནད་ཁུངས?

༉ སྤྱི་ལོ་༢༠༡༣ ལུ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༧ གྱིས་ ཚོགས་པ་སོར་ཏེ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་ཡོད་མིའི་གྲས་ལས་ འདེམས་ངོ་༡ ལུ་ ཚོགས་དཔོན་དང་ གཞན་༣ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གོ་གནས་ཐོབ་ཅི།
དེ་བསྒང་ འདེམས་ངོ་ཚུ་ སྲིད་དོན་ཚོགས་པ་ལས་ སྲིད་ཚོགས་གཞན་དང་ འཛུལ་ཞུགས་འབདཝ་ད་ ལྟ་རྟོག་པ་དང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སྲིད་དོན་པ་ཚུ་གི་ གཅིག་སྒྲིལ་དང་ དྲང་སྤྱོད་ལུ་ དྲི་བཀོད་འབད་མི་དེ་ཡང་ འདེམས་ངོ་ཚུ་གིས་ རང་སོའི་སྲིད་ཚོགས་ཀྱི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ སྲིད་ཚོགས་གཞན་དང་ མ་འདྲ་རུང་ དེ་ཚུ་ རྒྱབ་སྐྱུར་ཐོག་ གོ་སྐབས་ལེན་ནི་དེ་གིས་ཨིན་མས།
དེ་སྦེ་ འཛུལ་ཞུགས་འབད་མི་དེ་གིས་ རང་སོའི་སྲིད་ཚོགས་ལུ་ བློ་གཏད་དང་ ཡིད་ཆེས་ དེ་ལས་ ཐ་དམ་ཚིག་མེདཔ་བཟུམ་སྦེ་ གསལ་སྟོན་འབདཝ་ཨིན་རུང་ མཐར་ཐུག་ལུ་ ཚོགས་རྒྱན་སྐྱུར་མི་ཚུ་གི་ གདམ་ཁ་ལུ་ རག་ལས་ནི་ཨིནམ་ལས་ འདེམས་ངོ་གང་རུང་ལུ་ རང་སོའི་འདེམས་ཁོངས་ལས་ རྒྱབ་སྐྱོར་དང་ རྒྱལ་ཁ་འཐོབ་ནི་གི་ གོ་སྐབས་ར་ཡོད་པ་ཅིན་ སྲིད་དོན་ཚོགས་པ་སོར་ནི་ལུ་ སྟབས་མ་བདེཝ་ཅིག་ མི་མཐོངམ་མས།
འདི་འབདཝ་ལས་ སྤྱི་ལོ་༢༠༡༣ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཡང་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཚུ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་བཅུག་མི་དེ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཁོང་རའི་འདེམས་ཁོངས་ནང་ ཡོངས་གྲགས་ཡོད་མི་ འདེམས་ངོ་དེ་ལུ་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བྱིན་ཐབས་ལུ་ཨིན་མས།
བཙག་འཐུའི་བཅའ་ཁྲིམས་དོན་ཚན་༢༠༩ (ག) པའི་ནང་ སྲིད་དོན་ཚོགས་པ་ཅིག་ སྤྱིར་བཏང་བཙག་འཐུ་ནང་ལས་ མཐར་འཁྱོལ་བྱུང་མ་ཚུགས་རུང་ ཐོ་བཀོད་ཅན་གྱི་ འདེམས་ངོ་དེ་ སྲིད་ཚོགས་གཞན་ཅིག་ནང་ སྤྱིར་བཏང་བཙག་འཐུའི་དོན་ལས་ གདམ་འཐུ་འབད་བ་ཅིན་ ཆ་གནས་ཡོད་པའི་གྲངས་སུ་བརྩི་དགོ། ཨིན་རུང་ འདེམས་ངོ་ཕོ་མོ་གང་རུང་གིས་ ཧེ་མའི་སྲིད་དོན་ཚོགས་པའི་ནང་ལས་ ཐོ་བཀོད་ཆ་མེད་གཏང་དགོཔ་ཨིན་མས།
སྲིད་དོན་པ་ཚུ་ སྲིད་ཚོགས་སོར་ནི་དེ་ ཁྲིམས་མཐུན་ཨིནམ་ལས་ ད་རེས་ནངས་པ་ཡང་ སྲིད་ཚོགས་སོར་བའི་ མཐོང་གསལ་བྱུང་དོ་ཡོདཔ་ད་ དཔེར་ན་ རྩ་གྲོལ་སོང་མི་ འབྲུག་སྤྱིར་དབང་ཚོགས་པའི་ གཙོ་འཛིན་བགྲེསཔ་དེ་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པའི་ནང་ འཛུལ་ཞུགས་འབད་ཡོདཔ་ད་ གསར་སྤང་ཤོམ་སྤང་ཁ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་དང་ བརྒྱུད་འབྲེལ་བློན་པོ་བགྲེསཔ་དང་ མོང་སྒར་སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ཀྱི་ འཐུས་མི་བགྲེསཔ་དེ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་བགྲེསཔ་ཅིག་ འབྲུག་མཉམ་རུབ་ཚོགས་པ་ནང་འཛུལ་ནུག།
དེ་བཟུམ་སྦེ་ བསམ་རྩེ་ཕུན་ཚོགས་དཔལ་རི་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་བགྲེསཔ་དང་ བཀྲིས་སྒང་ཝམ་རོང་འདེམས་ཁོངས་ལས་ འབྲུག་ཀུན་མཉམ་ཚོགས་པའི་ འཐུས་མི་བགྲེསཔ་དེ་ འབྲུག་ཕུན་སུམ་ཚོགས་པའི་དོན་ལུ་ དོ་འགྲན་འབད་ནི་ཨིནམ་ད་ པདྨ་དགའ་ཚལ་མཁར་-གཡུ་རུང་ལས་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་བགྲེསཔ་གིས་ འབྲུག་ཀུན་མཉམ་ཚོགས་པའི་ འདེམས་ངོ་སྦེ་ འཛུལ་ཞུགས་འབད་ནུག།
ད་རུང་ མི་སེར་དམངས་གཙོ་ཚོགས་པ་གིས་ ད་ལྟོ་ འཐུས་མི་སྦེ་ ཕྱག་ཞུ་མི་ འཐུས་མི་༥ གི་ཚབ་སྦེ་ འདེམས་ངོ་གསརཔ་༥ གསལ་བསྒྲགས་འབད་མི་དེ་ཡང་ བཙག་འཐུའི་སྐབས་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་མས།
སྲིད་དོན་པ་དང་ འདེམས་ངོ་ཚུ་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་དང་ འགོ་ཐོག་བཙག་འཐུའི་ནང་ སྲིད་ཚོགས་གང་རུང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་མ་འབྱུང་རུང་ གོང་ལུ་བཀོད་དོ་བཟུམ་ འདེམས་ངོ་དེ་ ཚོགས་རྒྱན་སྐྱུར་མི་ཚུ་ལས་ རྒྱབ་སྐྱོར་སྦོམ་ཡོད་པ་ཅིན་ སྲིད་ཚོགས་ཀྱིས་འབད་རུང་ འདི་བཟུམ་མའི་ འདེམས་ངོ་ལུ་ གོ་སྐབས་བྱིན་དགོ།
འདི་འབདཝ་ད་ འགོ་ཐོག་བཙག་འཐུ་མཇུག་བསྡུ་བའི་ཤུལ་ལུ་ མཐར་འཁྱོལ་མ་བྱུང་མི་ སྲིད་ཚོགས་ཚུ་ མཉམ་བསྡོམས་འབད་དེ་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ རྒྱུད་བསྐུལ་འབད་ནི་མེདཔ་ བཙག་འཐུ་ལྷན་ཚོགས་ཀྱིས་ ལྟ་རྟོག་དམ་སྒྲིང་འབད་དགོ།

About admin

Check Also

རྒྱལ་ཁབ་ཀྱི་གོང་འཕེལ་དོན་ལུ་ བུ་ལོན་ལེནམ་ད་ འོས་འབབ་བལྟ་དགོཔ།

༉ འཛམ་གླིང་ནང་ དཔལ་འབྱོར་སྟོབས་ཤུགས་ཅན་ཅིག་ཨིན་མི་ ཡུ་ཨེས་ཨེ་རྒྱལ་ཁབ་དེ་ཡང་ སྤྱི་ལོ་༡༨༣༥ ལས་འགོ་ བཙུགས་ བུ་ལོན་གྱི་གནས་སྟངས་དེ་ མ་ཆད་པར་ཐོན་བཞིན་ཡོད་པའི་ཁར་ ལོག་བཏབ་ནི་དེ་ཡང་ མགྱོགས་པར་བཏབ་ཚར་ ནིའི་ གནས་སྟངས་ནང་མེདཔ་ཨིན་མས། དེའི་ཐོག་ཁར་ སྤྱི་གཞུང་གིས་ …

Leave a Reply

Your email address will not be published. Required fields are marked *