འདེམས་ངོ་ཚུ་གིས་ གོམས་འདྲིས་ལྟ་སྐོར་སྐབས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འཚོལ་མ་ཆོགཔ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དོགས་སེལ་འབད་མིའི་ནང་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ འདེམས་ཁོངས་ནང་ལས་ཕར་ གོམས་འདྲིས་ལྟ་སྐོར་འབད་བའི་སྐབས་ མི་སེར་ཚུ་ལུ་ རང་སོའི་ ཁས་བླངས་སྐོར་ལས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འཚོལ་ནི་མི་འོང་ཟེར་ཨིན་པས།
ད་རེས་ནངས་པར་ འདེམས་ངོ་མང་ཤོས་ཅིག་ གོམས་འདྲིས་ལྟ་སྐོར་ནང་ འགྱོ་དོ་ཡོདཔ་ལས་ འདེམས་ངོ་ལ་ལོ་ཅིག་གིས་ གོམས་འདྲིས་ལྟ་སྐོར་དང་ སྐུལ་བསྒྲགས་༢ ཁྱད་པར་ཕྱེ་མ་ཚུགས་པར་ མགུ་འཐོམ་བྱུང་དོ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཀུན་གསལ་ལུ་ གློག་འཕྲིན་ཐོག་ལས་ ལན་གསལ་འབད་མི་དང་འཁྲིལཝ་ད་ འདེམས་ངོ་ཚུ་གིས་ རང་སོའི་སྐོར་ལས་ ངོ་སྤྲོད་འབད་ནི་དང་ བཙག་འཐུ་ལྷན་ཚོགས་ལས་ བཙག་འཐུ་གྲ་སྒྲིག་གི་སྐོར་ལས་ ཉན་ནི་མ་གཏོགས་ གཞན་འབད་མི་ཆོག་ཟེར་ཨིན་པས།
བཙག་འཐུའི་སྐུལ་བསྒྲགས་ཐད་ཀར་ ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ སྐུལ་བསྒྲགས་དེ་ཡང་ ལྷན་ཚོགས་ཀྱིས་ བཙག་འཐུའི་སྐོར་ལས་ གསལ་བསྒྲགས་འབད་བའི་ཤུལ་ལས་རྐྱངམ་གཅིག་ འབད་ཆོག་ཟེར་ཨིནམ་ད་ གོམས་འདྲིས་ལྟ་སྐོར་དང་ ཡང་ཅིན་ ངོ་སྤྲོད་ལྟ་སྐོར་དེ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནི་ལུ་ ཡན་ལག་གི་ ལས་སྣ་ཚུ་གི་གྲས་ལས་ གཅིག་ཨིན་ཟེར་ཨིན་པས།
གོམས་འདྲིས་ལྟ་སྐོར་དེ་ སྲིད་དོན་ཚོགས་པ་དང་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གིས་ འབད་ཆོག་ནི་ཨིནམ་ད་ མ་གཞི་ སྐུལ་བསྒྲགས་སྐབས་ ལྷན་ཚོགས་ཀྱིས་ ལྟ་རྟོག་འབད་ཡོད་རུང་ གོམས་འདྲིས་ལྟ་སྐོར་ནང་ ལྟ་རྟོག་འབད་ནི་མེད་རུང་ ལྟ་སྐོར་འབད་དོན་ལུ་ ལྷན་ཚོགས་ལས་ གནང་བ་ལེན་དགོཔ་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ གྲ་སྒྲིག་ལྟ་སྐོར་ནང་ ལྷོད་དགོཔ་ད་ དེ་གི་ཤུལ་ལས་ འགོ་ཐོག་སྙན་གསན་དེ་ ལྷན་ཚོགས་ལུ་སྙན་ཞུ་དགོཔ་ད་ སྐུལ་བསྒྲགས་ཀྱི་ དུས་ཚོད་ནང་ འདེམས་ངོ་དང་ ཚོགས་པ་ཚུ་གིས་ རང་སོའི་ ཁས་བླངས་གསལ་བསྒྲགས་ཀྱི་སྐོར་ལས་ གསལ་བཤད་འབད་དགོཔ་མ་ཚད་ ལྷན་ཚོགས་ལས་ བཙག་འཐུའི་ ཉིནམ་གི་དོན་ལུ་ རྒྱབ་སྐྱོར་ལེན་ནིའི་ འཆར་སྣང་དང་ གྲོས་འཆར་ཚུ་ བཙུགས་དགོཔ་ཟེར་ ལྷན་ཚོགས་ཀྱིས་ བཤདཔ་ཨིན་པས།
ཨིན་རུང་ ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་གྲུབ་པའི་ ཚོགས་པ་གིས་མ་གཏོགས་ ཚོགས་པ་གཞན་ཚུ་གིས་ གོམས་འདྲིས་ལྟ་སྐོར་ འབད་མི་ཆོག་ཟེར་ཨིནམ་ད་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ཡང་ ལྟ་སྐོར་འབད་ནིའི་དོན་ལུ་ སྲིད་དོན་ཚོགས་པའི་ བཅའ་ཡིག་༢༠༡༥ ཅན་མ་དང་འཁྲིལ་ཏེ་ མི་སྡེའི་དབང་འཛིན་ལས་ གནང་བ་མེད་པར་ ལྟ་སྐོར་འབད་མི་ཆོག་ཟེར་ཨིན་པས།
བཅའ་ཡིག་དང་ སྒྲིག་གཞི་༢༠༡༥ ཅན་མ་འཁྲིལཝ་ད་ སྲིད་དོན་ཚོགས་པ་ ཡང་ཅིན་ འདེམས་ངོ་ཅིག་གིས་ རྫོང་ཁག་ཅིག་ནང་ ངོ་སྤྲོད་ལས་རིམ་ ཡང་ཅིན་ གཞི་བཙུགས་ཀྱི་ ལས་དོན་འགོ་འདྲེན་འཐབ་ནི་ཚུ་ ངོ་སྤྲོད་ཡིག་ཆ་བཙུགས་ཐོག་ འགྲོ་འགྲུལ་ལས་འཆར་ཚུ་གི་ གནང་བ་ལེན་ནི་ལུ་ འབྲེལ་ཡོད་ས་གནས་གཞུང་གི་ འགོ་འཛིན་དང་ མཇལ་ཕྲད་ཐོག་ལས་ འབད་དགོ་ཟེར་ཨིནམ་ད་ དེ་གིས་ མི་སྡེ་དབང་འཛིན་གྱིས་ ལས་སྣ་ཚུ་གི་སྐོར་ལས་ བརྡ་དོན་ཁ་གསལ་ཚུ་ ཤེས་རྟོགས་འབྱུང་ཚུགས་ནི་ཨིན་པས།
ལྷན་ཚོགས་དང་འཁྲིལཝ་ད་ ཐོ་བཀོད་ཅན་གྱིས་ སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་པ་དང་འབྲེལ་བའི་ ལས་སྣ་ཚུ་ ཐོ་བཀོད་འབད་བའི་ འདེམས་ངོ་འཐུས་མི་དང་ ཡིག་ཚང་ལས་བྱེདཔ་ཚུ་གིས་ བཙག་འཐུའི་དུས་ཚོད་ ཡང་ཅིན་ བཙག་འཐུའི་བར་ན་ བསྐོར་རྒྱབ་སྦེ་ འབད་དགོཔ་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གོམས་འདྲིས་ལྟ་སྐོར་དང་ སྐུལ་བསྒྲགས་༢ སོ་སོར་ཨིན་ཟེར་ཨིནམ་བཞིན་དུ་ མི་ལ་ལོ་ཅིག་གིས་ ཧ་ལེགས་ཤོམ་སྦེ་ གོ་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གོམས་འདྲིས་ལྟ་སྐོར་དེ་ རང་སོའི་ཚོགས་པ་དང་ ལྟ་བ་ཚུ་ ངོ་སྤྲོད་ནམ་ར་འབད་རུང་ འབད་ཆོག་ཟེར་ཨིནམ་བཞིན་དུ་ ལྟ་སྐོར་སྐབས་ ཚོགས་རྒྱན་རྒྱབ་སྐྱོར་ཚུ་ འཚོལ་ནི་མི་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ གོམས་འདྲིས་ལྟ་སྐོར་ནང་ སྲིད་དོན་ཚོགས་པ་དང་ འདེམས་ངོ་གསརཔ་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རང་གི་སྐོར་ལས་ ངོ་སྤྲོད་འབད་ནི་ལུ་ གོ་སྐབས་བཟང་པོ་ཅིག་ ཨིན་ཟེར་ཨིན་པས།
ཚོགས་པ་དང་ འདེམས་ངོ་ཚུ་གིས་ མི་ཚུ་ལུ་ ཁས་བླངས་འབད་མི་ཆོག་ནི་ཨིནམ་མ་ཚད་ ཁོང་ར་ཆ་ཁྱབ་ ལྟ་སྐོར་འབད་བའི་སྐབས་ མི་ཚུ་ལས་ ཚོགས་རྒྱན་ཚུ་ འཚོལ་ནི་མེད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ཀྱི་འདེམས་ངོ་ ཀཱ་མལ་དཱན་ ཅམ་གླིང་གིས་ འདེམས་ཁོངས་ནང་ ལྟ་སྐོར་འབད་ནི་ འགོ་བཙུགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ ཁོ་རའི་སྐོར་ལས་ ངོ་སྤྲོད་རྐྱངམ་གཅིག་ འབད་ནི་མ་གཏོགས་ གཞན་འབད་ནི་མེད་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གོམས་འདྲིས་ལྟ་སྐོར་དེ་གིས་ འདེམས་ངོ་གསརཔ་ཚུ་ལུ་ ངོ་སྤྲོད་འབད་ནི་དང་ མི་ཚུ་གི་ རེ་འདོད་ཧ་གོ་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ བྱུང་ཚུགས་པའི་ཁར་ མི་སེར་ཚུ་གི་ རྒྱབ་སྐྱོར་ཚུ་ ག་དེ་སྦེ་ཡོད་ག་ ཤེས་རྟོགས་འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *