འདེམས་ངོ་མཚོ་སྐྱིད་རྡོ་རྗེ་ལུ་ ཁ་ཉེས་བཀལ་མི་ཚུ་ གཞི་ཁུངས་མེད་པའི་གྲོས་ཆོད།

ཨིན་རུང་ ཐིམ་ཕུག་རྫོང་ཁག་ བཙག་འཐུ་ཐོ་བཀོད་འགོ་དཔོན་ལུ་ ཉེས་ཆད་བཀལ་ཡོདཔ་མ་ཚད་ ཁྲོམ་དཔོན་ལུ་ དྲན་གསོའི་དང་ལེན་འབད་ནུག།

༉ ཐིམ་ཕུག་ཁྲོམ་སྡེའི་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ མཚོ་སྐྱིད་རྡོ་རྗེ་ལུ་ ན་ལོན་ཆེ་རིམ་ཤེས་ཡོན་ལས་ཁུངས་དང་ འབྲུག་ངོས་འཛིན་ཚོགས་སྡེ་ལས་ དམིགས་བསལ་གྱི་ རྒྱབ་སྐྱོར་ཐོབ་ཡོད་པའི་ ཁ་ཉེས་བཀལ་མི་དེ་ གཞི་ཁུངས་མེད་པའི་ གནད་དོན་ཅིག་ཨིནམ་སྦེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གྲོས་ཆོད་བཏོན་ནུག།
ཐིམ་ཕུག་ཁྲོམ་སྡེ་ལས་ གདམ་ངོའི་འཛོམས་འདུ་ནང་ དོ་འགྲན་འབད་མི་ བསོད་ནམས་དཔལ་འབྱོར་གྱིས་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་བཙུགས་མི་དེ་ནང་ འབྲུག་ངོས་འཛིན་ཚོགས་སྡེ་དང་ ན་ལོན་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ མཚོ་སྐྱིད་རྡོ་རྗེ་ལུ་ མངོན་མཐོ་ཁྲིམས་འདུན་ལས་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་ཡི་གུ་ཅིག་ ལེན་ནི་གི་ གོ་སྐབས་བྱིན་ཡོདཔ་ལས་ ཁོ་ལུ་ འདི་བཟུམ་མའི་ གོ་སྐབས་མ་བྱིན་ཟེར་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་གིས་ གྲོས་ཆོད་བཏོན་མི་དེ་ལུ་ རྩོད་རྩ་བསོད་ནམས་དཔལ་འབྱོར་གྱིས་ ཁེ་རྒུད་མ་བཏུབ་པར་ བཙག་འཐུ་ལྷན་ཚོགས་ལུ་ གནད་དོན་ཁག་༥ གུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༢ ལུ་ ཞིབ་དཔྱད་གྲུབ་འབྲས་ལུ་ གཞི་བཞག་སྟེ་ གྲོས་ཆོད་བཏོན་མི་དེ་ནང་ ལས་སྡེ་༢ ཀྱིས་ མཚོ་སྐྱིད་རྡོ་རྗེ་ལུ་ ཚུལ་དང་མ་མཐུན་པའི་ རྒྱབ་སྐྱོར་བྱིན་བྱིནམ་མིན་འདུག་ཟེར་བཀོད་ནུག།
ལྷན་ཚོགས་ཀྱིས་ མཚོ་སྐྱིད་རྡོ་རྗེ་གི་ མཐོ་རིམ་ཤེས་ཡོན་གྱི་ དབྱེ་ཞིབ་འབད་བའི་སྐབས་ ཁོ་ར་ ཞི་གཡོགཔ་བགྲེསཔ་ཅིག་ཨིན་པའི་ཁར་ ཁོ་རའི་མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་དེ་ ན་ལོན་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ལམ་སྟོན་དང་འཁྲིལ་ འབད་ཡོད་པའི་ཁར་ མཐོ་རིམ་ཤེས་ཚད་ཡང་ དུས་རྒྱུན་སློབ་སྦྱོང་ཐོག་ གྲུབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མི་ངོའི་ཤེས་ཚད་དེ་ དུས་རྒྱུན་མེན་པ་ཅིན་ ཞི་གཡོག་ཆོས་རྒྱུགས་རྐྱབ་མ་ཆོགཔ་ཨིན་རུང་ མཚོ་སྐྱིད་རྡོ་རྗེའི་ མཐོ་རིམ་ཤེས་ཡོན་གྱི་སྐོར་ ཞི་གཡོག་ལྷན་ཚོགས་ཀྱིས་བཏང་མི་ ལན་གསལ་ནང་ ག་ནི་ཡང་འཁོད་འཁོདཔ་མེདཔ་ལས་ འབྲུག་ངོས་འཛིན་ཚོགས་སྡེའི་ བཀོད་རྒྱ་དང་འཁྲིལ་ ན་ལོན་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ མངོན་མཐོ་ཁྲིམས་འདུན་ལས་ རྒྱབ་སྐྱོར་ལེན་ནུག་ཟེར་ཨིན་པས།
འདི་དང་འཁྲིལ་ མངོན་མཐོ་ཁྲིམས་འདུན་གྱི་ རྩོད་འཛིན་ཡོངས་ཁྱབ་ཀྱིས་ ངོས་འཛིན་ཡི་གུ་བཏང་ནུག་ཟེར་ གྲོས་ཆོད་ནང་བཀོད་ནུག།
དེ་ལས་ མཐོ་གཏུགས་པའི་ ཉོགས་བཤད་༢ པ་ ཚོགས་རྒྱན་སྐྱུར་མི་ཚུ་ སྐྱེལ་འདྲེན་འབད་བའི་ཐད་ཁར་ རྩོད་རྩ་ བསོད་ནམས་དཔལ་འབྱོར་གྱིས་ཕུལ་ཡོད་མི་ སྒྲ་པར་བཟུང་མི་དེ་རྐྱངམ་གཅིག་ལུ་ གཞི་མ་བཞག་པར་ དཔང་པོ་༤༣ དེ་ཅིག་ལུ་ དྲི་དཔྱད་འབདཝ་ད་ སྒྲུབ་བྱེད་ག་ནི་ཡང་མེད་པའི་ མངོན་གསལ་བྱུང་ནུག།
བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་གིས་ མི་ངོ་ཚེ་དབང་རྡོ་རྗེ་གིས་ ཚོགས་རྒྱན་ཉིན་མར་ བཱསི་ནང་ཚོགས་རྒྱན་སྐྱུར་མི་ཚུ་ སྐྱེལ་འདྲེན་འབད་ནུག་ཟེར་མི་དེ་ སྒྲུབ་བྱེད་ཏན་ཏན་ཅིག་ ག་ནི་ཡང་མེད་རུང་ ཁོ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ སྐྱེལ་འདྲེན་འབད་ཡི་ཟེར་ དགོད་བྲ་སྦེ་ སླབ་ནུག་ཟེར་ཨིན་པས།
ཨིན་རུང་ དེ་སྦེ་ སླབ་མི་དེ་གིས་ བརྡབ་གསིག་རྐྱབ་བཅུགཔ་མ་ཚད་ བཙག་འཐུའི་རིམ་ལུགས་ནང་ བར་ཆད་རྐྱབ་ཨིནམ་ལས་ མ་འོངས་པ་ལུ་དམིགས་ཏེ་ ཚེ་དབང་རྡོ་རྗེ་ལུ་ ཉེས་ཆད་བཀལ་དགོ་པའི་ གྲོས་ཆོད་བྱུང་མི་དེ་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ངོས་ལེན་བྱུང་ཡོདཔ་སྦེ་བཀོད་ནུག།
གནད་དོན་གསུམ་པའི་ནང་ ཚོགས་པ་ཕུརཔ་སྒྲོལ་མ་དང་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་ དེ་ལས་ བཙག་འཐུ་འགོ་དཔོན་ཚུ་ལུ་ ཁ་ཉེས་བཀལ་མིའི་ཐད་ལུ་ ཚོགས་པ་དང་ ཁྲོམ་དཔོན་གྱིས་ ཚོགས་རྒྱན་ལྷང་པའི་ སྒྲུབ་བྱེད་གསརཔ་ ག་ནི་ཡང་ མེད་པའི་ཁར་ འཇིགས་སྐུལ་འབད་ཡི་ཟེར་མི་དེ་ཡང་ ཁུངས་བསྐྱལ་ནི་མེདཔ་ལས་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་ཁོ་ར་ ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ སྡོད་དགོ་པའི་ རྒྱུ་མཚན་འཁོད་དེ་ཡོད་རུང་ མ་འོངས་པ་ལུ་དམིགས་ཏེ་ ཁོ་ལུ་ དྲན་གསོའི་དང་ལེན་འབད་དགོ་པའི་ གྲོས་ཆོད་གྲུབ་ནུག།
དེ་ལས་ བཙག་འཐུ་འགོ་དཔོན་ཚུ་གི་ཐད་ལུ་ རྫོང་ཁག་བཙག་འཐུ་ཐོ་བཀོད་འགོ་དཔོན་གྱིས་ ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ ཡིག་ཚང་ནང་མེད་ནི་དེ་གིས་ ཚོགས་པ་ལས་ རྒྱབ་སྐྱོར་ལེན་དགོཔ་ བྱུང་ཡོད་རུང་ མ་འོངས་པ་ལུ་དམིགས་ཏེ་ རྫོང་ཁག་བཙག་འཐུ་ཐོ་བཀོད་འགོ་དཔོན་ལུ་ ཉེས་ཆད་བཀལ་ནི་གི་ གྲོས་ཆོད་བྱུང་མི་ལུ་ ལྷན་ཚོགས་ལས་ ངོས་ལེན་བྱུང་ཡོད་ཟེར་བཀོད་ནུག།
གལ་སྲིད་ ལྷན་ཚོགས་ཀྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་མི་ རྩ་བོ་ག་གིས་འབད་རུང་ བཙག་འཐུའི་ཚོགས་རྒྱན་གྲུབ་འབྲས་ གསལ་བསྒྲགས་འབད་བའི་ཉིནམ་ལས་ ཉིན་གྲངས་༡༠ གྱི་ནང་འཁོད་ མཐོ་གཏུགས་འབད་ཆོག་ཟེར་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ ཆོས་རྒྱལ་ཟླ་སྒོ་རིག་འཛིན་དང་ བཙག་འཐུ་ལྷན་འཛིན་བདེ་སྐྱིད་པདྨ་ བཙག་འཐུ་ལྷན་འཛིན་ ཨོ་རྒྱན་ཚེ་དབང་༣ གྱིས་ བཀའ་རྒྱ་བཏོན་མིའི་ནང་ བཀོད་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *