ཨ་ནཱན་ཀར་ཀི།

འདེམས་ངོ་བགྲེསཔ་གིས་ རྩི་རང་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ལོག་དོ་འགྲན་འབད་ནི།

༉ རྩི་རང་གི་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་དང་ ཁོང་རའི་འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་ གོ་སྐབས་ཅིག་ བཟོ་དགོ་པའི་ཨུ་ཚུགས་བྱུང་མི་ལུ་བརྟེན་ སྐྱེས་ལོ་༣༧ ལང་མི་ ཨ་ནཱན་ཀར་ཀི་དེ་ འགོ་འདྲེན་འཐབ་རན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནི་སྦེ་ ཐག་བཏོག་ནུག།
དེ་མ་ཚད་ ཁོ་གིས་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་སྦེ་ ཕྱག་ཞུ་ཐོག་ལས་ གཡུས་ཚན་ཚུ་ནང་ འཚོ་བའི་གནས་སྟངས་ ལེགས་བསྒྱུར་འབད་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
སྒོ་གསར་གླིང་རྒེད་འོག་ལས་ དོ་འགྲན་འབད་ནི་ཨིན་མི་ ཨ་ནཱན་གྱིས་ སྤྱི་ལོ་༢༠༠༣ ལུ་ ཀ་ལིམ་སྤོང་མཐོ་རིམ་སློབ་གྲྭ་ལས་ ཚན་རིག་གི་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ སྤྱི་ལོ་༢༠༠༦ ལུ་ རྒྱ་གར་ཀཱན་པུར་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་གོང་མའི་ ཤེས་ཚད་མཇུག་བསྡུ་ནུག།
ཨ་ལོ་༢ ཀྱི་ཨ་པ་ཨིན་མི་དེ་ལུ་ སྒེར་སྡེའི་ནང་ ལཱ་འབད་བའི་ ལོ་ངོ་༨ ཀྱི་ ཉམས་མྱོང་ཡོད་མི་དེ་ཡང་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་བའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ཚུན་ ཏཱཇ་བཀྲ་ཤིས་ཟ་ཁང་ནང་ ལཱ་འབད་ཞིནམ་ལས་ རྩི་རང་གི་ མཐའ་ཟུར་སློབ་གྲྭ་ཅིག་ནང་ ཁག་འབག་སློབ་དཔོན་སྦེ་ སྡོད་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ ཨེ་ཏོག་མེ་ཏོག་སློབ་གྲྭ་ནང་ སློབ་སྟོན་འབད་ཡོདཔ་ཨིན་པས།
ད་རེས་ ཁོ་གིས་ ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་མི་དེ་ ཐེངས་༢ པ་ཨིནམ་ད་ སྤྱི་ལོ་༢༠༡༣ ལུ་ ཁོ་ར་ རྒེད་འོག་འཛོམས་འདུ་ནང་ལས་ར་ གདམ་འཐུ་མ་གྲུབ་པས།
ཁོ་གིས་ སྒེར་གྱི་ས་གཏེར་ལས་སྡེ་ཅིག་ནང་ བདག་སྐྱོང་འཛིན་སྐྱོང་པ་སྦེ་ ལོ་༢ ལཱ་འབད་བའི་ཤུལ་ལུ་ ཚོང་ལཱ་རྐྱབ་སྡོད་ཡོདཔ་ཨིན་པས།
ཨ་ནཱན་གྱིས་ སླབ་མིའི་ནང་ རྩི་རང་གི་ ས་གནས་ལ་ལོ་ཅིག་ནང་ ཉེན་སྲུང་ཅན་གྱི་ འཐུང་ཆུ་བཀྲམ་སྤེལ་དང་ ཞིང་ཆུ་ལངམ་སྦེ་མཁོ་སྤྲོད་འབད་དགོཔ་ ཡོད་པའི་ཁར་ སྦྱོང་བརྡར་དང་ ཤེས་ཡོན་ཚུ་ བྱིན་ཐོག་ལས་ སོ་ནམ་དང་འབྲེལ་བའི་ ཐོན་སྐྱེད་ཀྱི་ སྤུས་ཚད་ལུ་ ཤུགས་བཏོན་དགོཔ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་འབད་ནི་གི་ དམིགས་གཏད་བསྐྱེད་མི་༡ ལོ་ན་རྒས་མི་ཚུ་ ཉེན་སྐྱོབ་འབད་ནི་གི་ ཐབས་ལམ་བཏོན་ནི་དང་ ཚ་གྱང་གཞན་དེ་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་མི་དེ་ཨིན་ཟེར་ ཨ་ནཱན་གྱིས་ བཤདཔ་ཨིན་པས།
ཁོ་ར་ རྒེད་འོག་༢ ནང་ སློབ་དཔོན་སྦེ་ ལཱ་འབད་བའི་སྐབས་ གྲོང་གཡུས་མི་སེར་ཚུ་ལུ་ ཁོ་རའི་ གནས་སྐབས་ཚུ་ བརྗེ་སོར་འབད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ ཁོ་གིས་ བཤད་པའི་ཁར་ བཙག་འཐུ་དེ་ ལོ་༥ གི་བར་ན་ཚར་རེ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ལེགས་ཤོམ་སྦེ་ ཐག་བཅད་དེ་ ཚོགས་རྒྱན་བཙུགས་དགོ་མི་དེ་ཡང་ ག་གིས་རྒྱལ་ཁ་ཐོབ་སྟེ་འབད་རུང་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *