བཙག་འཐུ་གྲུབ་མི་ བསོད་ནམས་དཔལ་འཛོམས་ལུ་ ཁ་དར་བཏགས་པའི་བསྒང།

འདེམས་ངོ་ཕོ་སྐྱེས་༡༢ ཀྱི་གྲས་ཁར་ ཨམ་སྲུ་ཕུད་རྡོག་༡ ལས་ མེད་མི་ལུ་བརྟེན་ རྒྱལ་ཁ་ཐོབ་ཡོད་པའི་ཚོར་སྣང་།

༉ མོང་སྒར་ རྩ་མང་རྒེད་འོག་ལས་ སྐྱེས་ལོ་༣༢ ལང་མི་ བསོད་ནམས་དཔལ་འཛོམས་ཀྱིས་ བཙག་འཐུ་གྲུབ་མི་དེ་ཡང་ དོ་འགྲན་འབད་མི་ཕོ་སྐྱེས་༡༢ ཀྱི་གྲས་ཁར་ ཨམ་སྲུ་ཕུད་རྡོག་གཅིག་ལས་བརྒལ་ མེད་ནི་དེ་གིས་ཨིན་པས།

ཙ་ཀ་གླིང་རྒེད་འོག་ལས་ དོ་འགྲན་འབད་མི་ འཇམ་དབྱངས་བློ་གྲོས་ཀྱིས་ བསམ་འཆར་བཀོད་མིའི་ནང་ རྒེད་འོག་༡༧ ལས་ འདེམས་ངོ་ཕོ་སྐྱེས་༡༢ ཀྱི་གྲས་ཁར་ ཨམ་སྲུ་ཕུད་རྡོག་གཅིག་འབད་མི་ བསོད་ནམས་དཔལ་འཛོམས་དེ་ རྫོང་ཁག་གི་ མི་སེར་ཡོངས་ཀྱིས་ ཤེས་ཚུགསཔ་མ་ཚད་ རྒེད་འོག་ཚུ་ནང་ཡང་ སྤྱིར་སྙོམས་འཛོམས་འདུ་འབད་བའི་སྐབས་ གཡུས་མི་ཚུ་གིས་ དེ་འཕྲོ་ལས་ ངོས་ལེན་འབད་ཚུགས་པས་ཟེར་ཨིན་པས།

ཁྱིམ་སྒོ་བཤལ་ཏེ་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ ཁྱིམ་ནང་སྡོད་མི་ མང་ཤོས་ར་ ཨམ་སྲུ་མ་གཏོགས་ ཕོ་སྐྱེས་ཚུ་ ཁག་འབགཔ་གི་ལཱ་དང་ འོང་འབབ་གཞན་གྱི་དོན་ལུ་ ཕྱི་ཁ་ལས་ཕར་ འགྱོ་མིའི་གནས་ སྟངས་ དེ་ལས་ ཚོགས་རྒྱན་བཙུགས་མི་ཡང་ ཨམ་སྲུ་མང་དོ་ཡོདཔ་ལས་ རྒྱབ་སྐྱོར་ཐོབ་ནུག་ཟེར་ཨིན་པས།

མོང་སྒར་རྒེད་འོག་ལས་ དོ་འགྲན་འབད་མི་ རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་དེ་ མི་སེར་ཚུ་གི་ རེ་འདོད་འགྲུབ་ཐབས་དང་ རྒེད་འོག་ཚུ་གི་གྲས་ལས་ མོང་སྒར་ རྒེད་འོག་ནང་ མི་རློབས་མངམ་ཡོདཔ་ལས་ བཙག་འཐུ་འགྲུབ་པའི་ རེ་བ་བསྐྱེད་ནི་དེ་གིས་ཨིན་ཟེར་ཨིན་པས།

དགྲ་མེད་རྩེ་ལས་ དོ་འགྲན་འབད་མི་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ དམངས་གཙོའི་རིང་ལུགས་ནང་ མི་ཚུ་གི་རྒྱུད་ལུ་ འབད་བཞག་བཅའ་བཞག་དང་ འབྲེལ་བ་འཐབ་ཐངས་ དེ་ལས་ ཡོན་ཏན་དང་ ཉམས་མྱོང་ཚུ་ལུ་ བརྟེན་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་བགྲེསཔ་ གནས་ཆུ་དང་ ན་རང་རྒེད་འོག་ལས་ ཚེ་རིང་དབང་ཆེན་ དེ་ལས་ ད་ལྟོ་ ཕྱག་ཞུ་བའི་བསྒང་འབད་མི་ བསོད་ནམས་དབང་ཕྱུག་ཚུ་གི་གྲས་ལས་ བཙག་འཐུ་འགྲུབ་པའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།

ཨྱོན་ཚེ་རིང་གིས་ བསམ་འཆར་བཤད་མིའི་ནང་ མ་གཞི་ བསོད་ནམས་དཔལ་འཛོམས་ལུ་ ཡོན་ཏན་དང་ ལྕོགས་གྲུབ་ཚུ་ཡོདཔ་མ་ཚད་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ རྩ་འགེངས་ཏེ་ སྐུལ་བསྒྲགས་འབད་ཡི་ཟེར་ཨིན་པས།

ས་གླིང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་བགྲེསཔ་ སྐྱེས་ལོ་༥༣ ལང་མི་ གནས་ཆུ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ མི་སེར་ཚུ་གིས་ བསོད་ནམས་དཔལ་འཛོམས་ གདམ་ཁ་རྐྱབ་གནང་མི་ལུ་ བཀྲིས་ལེགས་སྨོན་ཡོད་ལུགས་དང་ ལྷག་པར་དུ་ འདེམས་ངོ་དང་མཉམ་འབྲེལ་ཐོག་ལས་ ལཱ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

གདམ་འཐུ་གྲུབ་མི་ བསོད་ནམས་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ ཕོ་སྐྱེས་༡༢ དང་མཉམ་ རྩ་འགེངས་ཏེ་ དོ་འགྲན་འབད་ཡི་ཟེར་ཨིནམ་ད་ ནང་འཁོད་ཀྱི་དཀའ་ངལ་ཚུ་ རྒྱབ་ཁར་སྐྱུར་བཞག་སྟེ་ གདོང་ཁ་ཐོན་མི་དེ་ཡང་ ཨམ་སྲུ་ཚུ་གི་དཀའ་ངལ་ཚུ་ ཕྱི་སེལ་ནང་སེལ་སྦེ་ རྒྱལ་ཡོངས་ཀྱི་མི་ཚུ་གིས་ ཧ་གོ་ནིའི་དོན་ལུ་དང་ ཨམ་སྲུ་གིས་འབད་མི་ཚུགས་ཟེར་ དང་ཕུ་གི་ མནོ་བསམ་བཏང་ཐངས་ཚུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

བསོད་ནམས་དཔལ་འཛོམས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་དོན་ལུ་ དོ་འགྲན་འབད་ནི་སྦེ་ ཐོ་བཀོད་འབད་བའི་ཤུལ་ལས་ མོ་རའི་ སྐྱེས་བའི་ཨ་པ་དེ་ གྱོངས་སོ་པའི་ཁར་ ཟླཝ་༩ ལང་མི་བུ་དེ་ སྒལ་ཏོག་ཁར་འབག་སྟེ་ སྤྱིར་སྙོམས་འཛོམས་འདུ་དང་ སྐུལ་བསྒྲགས་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།

སྐྱེས་ལོ་༣༢ ལང་མི་ དཀོན་མཆོག་སྒྲོལ་མ་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ མི་སྡེ་ཚུ་ནང་ བཟའ་ཚང་ནང་འཁོད་དང་ སྤྱིར་བཏང་ཨམ་སྲུ་ཚུ་ལུ་ དཀའ་སྡུག་བྱུང་པའི་སྐབས་ སྲིད་བྱུས་དང་ ཁྲིམས་བརྩམ་མི་ འགོ་དཔོན་ཨམ་སྲུ་འབད་མི་ཅིག་མེདཔ་ལས་ ཞུ་ནིའི་གོ་སྐབས་མ་ཐོབ་མི་དེ་ ད་ལས་ཕར་ དཀའ་ངལ་སེལ་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།

བསོད་ནམས་དཔལ་འཛོམས་ཀྱིས་ ཚོགས་རྒྱན་༢,༤༠༦ ཐོབ་སྟེ་ བཙག་འཐུ་གྲུབ་པའི་སྐབས་ རྒྱལ་ཡོངས་ ཚོགས་སྡེའི་འདེམས་ངོ་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་བསྡོམས་༢,༡༢༩ ཐོབ་ཡོདཔ་ད་ གནས་ཆུ་གིས་ ཚོགས་རྒྱན་བསྡོམས་༢,༠༩༧ དེ་ལས་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་བསྡོམས་༢,༢༣༤ ཐོབ་ནུག།

སྤྱི་ཟླ་༤ པའི་ཚེས་༢༠ འི་ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༡༡,༤༦༤ ལས་ ཕོ་སྐྱེས་༤,༨༢༩ དང་ ཨམ་སྲུ་༦,༦༣༥ ཐོན་ཡོདཔ་ད་ ཕོ་སྐྱེས་ལས་ ཨམ་སྲུ་༡,༨༠༦ གིས་ ཚོགས་རྒྱན་བཙུགས་མི་ མངམ་ཐོན་ནུག།

ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་དང་ ཚོགས་རྒྱན་ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༦,༣༥༩ ལས་ ཕོ་སྐྱེས་༣,༨༠༤ དང་ ཨམ་སྲུ་༢,༤༥༥ ཐོན་ནུག།

དེ་འབདཝ་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༦,༦༡༡ ལས་ ཆ་མེད་༡༧༦ བཏང་མི་དང་ ཚོགས་རྒྱན་འཕྲུལ་ཆས་བཙུགས་མི་༡༧,༨༦༣ ལས་ ཨམ་སྲུ་༩,༠༩༠ དང་ ཕོ་སྐྱེས་༨,༦༣༢ ཡོདཔ་ལས་ ཨམ་སྲུ་༤༥༨ གིས་ མངམ་ཐོན་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *