འདེམས་ངོ་༢ ཀྱིས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་ དབང་དུ་བཏང་སྟེ་ ཁས་བླངས་འབད་དོ་ཡོདཔ།

༉ ད་རེས་ནངས་པར་ མོང་སྒར་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་གཡུ་སྒྲོན་༢ ཀྱིས་ རྒེད་འོག་༥ ནང་ སྤྱིར་སྙོམས་འཛོམས་འདུ་ འབད་བའི་བསྒང་ཡོདཔ་ལས་ ཁོང་༢ ཆ་ར་གིས་ ཁས་བླངས་གསལ་བསྒྲགས་ཚུ་ མང་ཤོས་ར་ གཞུང་སྐྱོང་དང་ ལྡོགས་ཕྱོགས་ཚོགས་པའི་དབང་དུ་བཏང་སྟེ་འབདཝ་མས།

ཙ་ཀ་གླིང་རྒེད་འོག་ལས་ཨིན་མི་ ཀརྨ་ལྷ་མོ་གིས་འབད་བ་ཅིན་ ཧེ་མ་འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་སྦེ་ བཙག་འཐུ་རིམ་པ་༣ ནང་ བཅའ་མར་གཏོགས་པའི་ཤུལ་ལས་ ད་རེས་ཀྱི་ དུས་མིན་བཙག་འཐུ་ནང་ སྲིད་ཚོགས་སོར་དགོ་པའི་ རྒྱབ་ཁུངས་སྐོར་ལས་ དོགས་སེལ་འབད་དེ་ གསལ་བཤད་འགོ་བཙུགསཔ་ཨིན་པས།

མོ་གིས་ བཤད་མིའི་ནང་ མོ་ར་ ཚོགས་པ་སོར་འོངམ་ད་ མི་སེར་ཚུ་ ཧ་ལས་དགོཔ་མེདཔ་ལས་ འདེམས་ངོ་ཚུ་གིས་ སྲིད་དོན་ཚོགས་པ་ སོར་འགྱོ་མི་དེ་ རྒྱལ་ཁབ་ནང་དང་ རྒྱལ་ཁབ་གཞན་ནང་ཡང་ དཔེ་གསརཔ་མེན་པར་ སྲོལ་དེ་ཧེ་མ་ལས་ཡོད་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ མ་གཞི་ འདེམས་ངོ་སྦེ་ འཐོན་དགོ་པའི་སྐོར་ལས་ གཞུང་སྐྱོང་དང་ལྡོག་ཕྱོགས་ཚོགས་པ་༢ ཆ་རའི་ཧོངས་ལས་ གོ་སྐབས་གནང་ཡོད་རུང་ མོ་གིས་ གཞུང་སྐྱོང་ཚོགས་པའི་ འདེམས་ངོ་སྦེ་ འཐོན་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།

མོ་གིས་ ཐ་དམ་ཚིག་བསྟེན་ནི་དེ་ སྲིད་དོན་ཚོགས་པའི་ མཐའ་དོན་ལུ་མེན་པར་ གཞུང་སྐྱོང་ནང་ གོ་སྐབས་འཚོལ་ཏེ་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་དོན་ལུ་ གཞུང་སྐྱོང་ཚོགས་པ་ གདམ་ཁ་རྐྱབ་ཅི་ཟེར་ བཤདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ གཞུང་སྐྱོང་ཚོགས་པའི་ འཐུས་མི་སྦེ་ གདམ་འཐུ་འགྲུབ་པ་ཅིན་ གཞུང་སྐྱོང་གིས་ འཆར་གཞི་ནང་ཡོད་མི་གིས་མ་དོ་བར་ འཆར་གཞི་ནང་མ་ཚུད་པའི་ ཁས་བླངས་ཚུ་ཡང་ འགྲུབ་ཚུགས་པའི་དབང་ཚད་སྦོམ་ཡོད་ཟེར་ཨིན་པས།

བཙག་འཐུ་གྲུབ་པ་ཅིན་ མོ་གི་ ཁས་བླངས་གསལ་བསྒྲགས་ཚུ་གི་གྲས་ལས་ སྤོང་ཅུ་ལ་ནང་འཁོད་ གནམ་ཐང་དང་ རྡོ་རྗེ་ལུང་གློག་མེ་ལས་འགུལ་ཚུ་ གང་མགྱོགས་འགྲུབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ འཆར་གཞི་༡༢ པའི་ལས་སྣ་ཚུ་ དུས་ཚོད་ཁར་ འགྲུབ་ཚུགསཔ་འབད་ནི་ཨིནམ་མ་ཚད་ འཆར་གཞི་ནང་མེད་མི་ དམིགས་བསལ་གྱི་ སྐྱིད་བདེ་མཁར་དང་འབྲས་སྤུངས་རྒེད་འོག་ ལབ་རྩ་བར་ནའི་ ལམ་རྩི་ནག་གཏང་ནི་དང་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་དེ་ ལྟོ་ཐོབ་ཀྱི་ འབྲིང་རིམ་སློབ་གྲྭ་བར་མ་གུ་ཡར་སེང་འབད་ནི་ ཙ་ཀ་གླིང་སློབ་གྲྭའི་སྒྲིང་ཁྱིམ་ཐེབས་རྐྱབ་ནི་དང་ རྩ་མང་རྒེད་འོག་གི་དོན་ལུ་ རྡོ་རྗེ་ལུང་ལུ་ ཟམ་རྐྱབ་ནིའི་ ཁས་བླངས་འབདཝ་ཨིན་པས།

དེ་བཟུམ་སྦེ་ འདེམས་ངོ་རྡོ་རྗེ་གཡུ་སྒྲོན་གྱིས་འབད་བ་ཅིན་ གཞུང་སྐྱོང་ཚོགས་པ་ཐེངས་༡ པ་དང་ ལྡོག་ཕྱོགས་ཐེངས་༢ ཕྱག་ཞུ་བའི་ ཉམས་མྱོང་ཅན་གྱི་ སྲིད་ཚོགས་ནང་ ཆ་གླིང་གི་རྒེད་འོག་ལས་ མི་སེར་ཚུ་ལུ་ གདམ་ཁ་བྱིན་ནིའི་དོན་ལུ་ འདེམས་ངོ་སྦེ་ ཐོན་ཡོདཔ་མ་ཚད་ དེ་གི་ནང་ལས་ཡང་ ལྕོགས་གྲུབ་ཅན་དང་ དང་འདོད་ཡོད་མི་ ན་གཞོན་ཚུ་ལུ་ གོ་སྐབས་བཟོ་ནི་དང་ མོ་རངགཡུས་ཁར་ སྦོམ་ནི་དེ་གིས་ མི་སེར་གྱི་ སྐྱིད་སྡུག་ཤེས་མི་ ཉམ་ཆུང་ཅིག་སྦེ་ བཅའ་མར་འགོ་དང་པ་ གཏོགས་དོ་ཡོདཔ་ལས་ གོ་སྐབས་གནང་ཟེར་ཨིན་པས། 

མོ་གིས་ སླབ་མིའི་ནང་ གཞུང་སྐྱོང་ཚོགས་པ་གིས་ གཞུང་ཚུལ་བཞིན་དུ་སྐྱོང་བཅུག་ནིའི་དོན་ལུ་ ལྡོག་ཕྱོགས་ཚོགས་པ་སྒྲིང་སྒྲི་དགོཔ་ ཁག་ཆེཝ་ལས་ འཐུས་མི་༡ ཡར་སེང་འགྱོ་རུང་ ལྡོག་ཕྱོགས་སྒྲིང་སྒྲི་འགྱོ་ནི་ཨིནམ་ལས་ དགག་བཤེར་དང་ཚད་མཉམ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ འཆར་གཞི་༡༢ པ་དེ་ ཧེ་མ་ལས་བརྩམས་ཚར་ནི་དེ་གིས་ ཁས་བླངས་ལོགས་སུ་སྦེ་ རྒྱ་ཆེཝ་མེད་རུང་ འགྲུབ་ཚུགས་པའི་ཁས་བླངས་ མ་འོངས་པར་ མོང་སྒར་ཁྲོམ་དེ་ ཁྲོམ་སྡེ་ཀ་པ་ གཞི་བཙུགས་ཀྱི་ གྲོས་འབུལ་ ཚོགས་ཁང་ནང་ཕུལ་ནི་ རྫོང་ཁག་དེ་ ལྟ་བཤལ་གྱི་ས་ཁོངས་ བཟོ་ནི་དང་ ན་གཞོན་ལཱ་གཡོག་གི་གོ་སྐབས་ སོ་ནམ་ཐོན་སྐྱེད་བཙོང་ནིའི་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།

མོ་གིས་ བཤད་མིའི་ནང་ འདེམས་ངོ་གཞན་གྱི་ཁ་ཐུག་ལས་ ཁས་བླངས་གསལ་བསྒྲགས་ལེ་ཤ་འབད་རུང་ འགྲུབ་ཚུགས་མ་ཚུགས་བལྟ་དགོཔ་དེ་ཁག་ཆེ་ཟེར་ཨིནམ་ད་ ད་ལྟོ་ ཉིནམ་༡༢༠ གི་ཁས་བླངས་མང་ཤོས་ཅིག་ མ་གྲུབ་པར་ཡོདཔ་མ་ཚད་ བློན་ཆེན་གྱིས་ བུམ་ཐང་སྟང་-ཆོས་འཁོར་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་སྐབས་ ཟླཝ་༣ གྱི་ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ཡང་ མ་འགྲུབ་པར་ཡོད་ཟེར་ཨིན་པས།

འཆར་གཞི་ནང་ཡོད་མི་ ལས་སྣ་ཚུ་འབད་བ་ཅིན་ ལྡོག་ཕྱོགས་དང་ གཞུང་སྐྱོང་འཐུས་མི་༢ ཆ་ར་གིས་ འགྲུབ་ཚུགས་ནི་ཨིནམ་ ཐེ་ཚོམ་མེད་ཟེར་ རྡོ་རྗེ་གཡུ་སྒྲོན་གྱིས་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ སྤོང་ཅུ་ལ་གནམ་ཐང་དང་ རྡོ་རྗེ་ལུང་གློག་མེ་ལས་འགུལ་གྱི་ འཆར་གཞི་དེ་ འབྲུག་ཕུན་སུམ་ཚོགས་པ་གཞུང་སྐྱོང་མཛད་པའི་བསྒང་ལས་ར་ཡོདཔ་ལས་ མི་སེར་ཚུ་ གྲུབ་མ་ཚུགས་པའི་ ཁས་བླངས་ལུ་བརྟེན་ མགུ་འཐོམ་ནི་མི་འོང་ཟེར་ཨིན་པས།

སྤྱིར་སྙོམས་འཛོམས་འདུ་ཚུ་ ད་ཚུན་ མོང་སྒར་དང་ ཙ་ཀ་གླིང་ ཆ་གླིང་ འབྲས་སྤུངས་རྒེད་འོག་༤ ནང་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རིས་ལས་ རྩ་མང་རྒེད་འོག་ནང་ འགོ་བཙུགས་ནི་ཨིནམ་ལས་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ མཇུག་བསྡུ་ནིའི་ ལས་འཆར་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *