རྒྱ་རྒར་ལས་ ནང་འདྲེན་འབད་མི་ སྤུས་ཚད་ཅན་གྱི་ནོར་ཚུ།

འདུ་རུང་གཡུས་མི་ཚུ་གིས་ ཨོམ་བཙོང་ནི་ལུ་ ཤུགས་བཏོན་དོ་ཡོདཔ།

  བཀྲིས་སྒང་རྫོང་ཁག་ ཡང་གཉེར་རྒེད་འོག་ འདུ་རུང་གཡུས་ཚན་གྱི་ ཛམ་བྷ་ལྷ་ཨོམ་སྡེ་ཚན་གྱིས་ གྲོང་གསེབ་དེ་ནང་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ མི་སྡེ་ནང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ལངམ་སྦེ་བཟོ་ནིའི་དོན་ལུ་ ནོར་གསོ་སྐྱོང་འབད་དོ་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ མར་དང་དར་ཚིལ་ཚུ་ བཙོང་དོ་ཡོདཔ་ད་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱིས་ ཨོམ་བཙོང་ནིའི་དོན་ལུ་ ཆེ་ན་རི་ལུ་ཡོད་པའི་ རྒྱལ་སྤྱི་ཀོ་ཕུ་ཀོ་ལས་སྡེ་དང་གཅིག་ཁར་ འབྲེལ་བ་བཟོ་བའི་ཤུལ་ལས་ སེམས་ཤུགས་ ཐོབ་སྟེ་ མི་སེར་མང་ཤོས་ཀྱིས་ སྤུས་ཚད་ལེགས་ཤོམ་ཡོད་མི་ ནོར་རིགས་ཚུ་ ཉོ་ནི་འགོ་བཙུགས་ཡོདཔ་ཨིན་ པས།

དྲོ་པ་ཨ་རྟག་ར་ ཀོ་ཕུ་ཀོ་ལས་སྡེ་གིས་ གཡུས་ཚན་དེ་ནང་ལས་ ཨོམ་བསྡུ་ལེན་འབད་དེ་ འབག་འགྱོ་དོ་ ཡོདཔ་ད་ ཨོམ་བཙོང་བའི་རིན་དེ་ཡང་ ཟླ་རིམ་བཞིན་དུ་ མི་སེར་ཚུ་ལུ་ སྤྲོད་དོ་ཡོདཔ་ཨིན་པས།

སྡེ་ཚན་གྱི་ལས་བྱེདཔ་ཚུ་དང་འཁྲིལཝ་ད་ ཧེ་མ་ ཨོམ་ལི་ཊར་༡༠༠ ཐོན་མི་དང་ཕྱདཔ་ད་ སྤུས་ཚད་ལེགས་ ཤོམ་ཡོད་མི་ ནོར་ཚུ་གིས་ལི་ཊར་༣༠༠ དེ་རེ་ ཐོན་མས་ཟེར་ཨིན་པས།

སྡེ་ཚན་གྱི་འཐུས་མི་ཨིན་མི་ ཨ་ལོ་གཉིས་ཀྱི་ཨའི་ པདྨ་ཆོས་སྒྲོན་གྱིས་སླབ་མིའི་ནང་ སྤུས་ཚད་ཡོད་མི་ནོར་ རིགས་ཚུ་ཉོ་བའི་སྐབས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སོ་ནམ་ཚོང་འབྲེལ་དང་འཚོ་སྐྱོང་ཡུན་ཐུབ་ཡར་ དྲགས་ལས་འགུལ་གྱིས་ མ་དངུལ་གྲོགས་རམ་འབད་མི་གུ་ འཐུས་མི་ཚུ་གིས་ ཁ་སྐོང་སྦེ་ གཙོ་རིམ་སྐྱིན་ འགྲུལ་ལས་སྡེ་ལས་ སྐྱིན་འགྲུལ་ལེན་ཏེ་ ཉོ་ཡོད་ཟེར་ཨིན་པས།

ནོར་རེ་ལུ་ དངུལ་ཀྲམ་༧༠,༠༠༠ དང་༡༢༠,༠༠༠ བར་ན་ གནས་ཡོདཔ་ད་ མོ་གིས་སླབ་མིའི་ནང་ སྤུས་ཚད་ ཐད་ རྫོང་ཁག་སྒོ་ནོར་ལས་ཁུངས་ཀྱིས་ གདམ་ཁ་རྐྱབ་ཡོད་ཟེར་བཤད་ཅི།

ལས་འགུལ་དེ་གིས་ སྡེ་ཚན་ལུ་ ནོར་ཁྱིམ་རྐྱབ་ནིའི་དོན་ལུ་ བཟོ་བསྐྲུན་གྱི་ཅ་ཆས་ཚུ་ རྒྱབ་སྐྱོར་འབད་ཡོད་ པའི་ཁར་ ཨོམ་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།

སྐྱེས་ལོ་༦༢ ལང་མི་ སྡེ་ཚན་གྱི་འགོ་ཁྲིདཔ་ འཇིགས་མེད་ཀྱིས་ གཙོ་རིམ་སྐྱིན་འགྲུལ་ལས་སྡེ་དང་ དངུལ་ ཁང་གཞན་ཚུ་ལས་ སྐྱིན་འགྲུལ་ལེན་ཏེ་ ནོར་༡༢ དེ་ཅིག་ ཉོ་ཡོདཔ་ལས་ སྡེ་ཚན་ནང་ལས་ ཨོམ་མཐོ་ཤོས་ བཙོང་མི་ཅིག་ ཁོ་ཨིན་པས།

ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཆེ་ན་རི་ཨོམ་བཟོ་སྦྱོར་ཁང་གིས་ སྡེ་ཚན་ནང་ལས་ ཨོམ་མ་ཆད་པར་ལེན་ པ་ཅིན་ མི་སེར་ཚུ་གིས་ ལཱ་འབད་ནི་ལུ་ སྤྲོ་བ་འདུག་ཟེར་ཨིན་རུང་ བར་སྐབས་ཅིག་ལས་ ལས་སྡེ་གིས་ དུས་ཚོད་ཁར་ ཏི་རུ་སྤྲོད་མ་བཏུབ་པའི་ དཀའ་ངལ་དུམ་གྲ་ཅིག་ ཐོན་ཡི་ཟེར་ཨིན་པས།

མི་ཚུ་གིས་ ནོར་གསོ་སྐྱོང་འབད་བའི་སྐབས་ ལཱ་ལེ་ཤ་འབད་དགོ་རུང་ དེ་ནང་ལས་ འོང་འབབ་བཟོ་ཚུགས་ པས་ཟེར་བའི་ ཡིད་ཆེས་འདུག་ཟེར་ཨིནམ་ད་ དེ་གིས་ མི་སེར་གྱི་འཚོ་བའི་གནས་སྟངས་ལུ་ཡང་ ཕན་ཐོགས་ པས་ཟེར་ ཁོ་གིས་བཤདཔ་ཨིན་པས།

སྡེ་ཚན་གྱིས་ ནོར་གསོ་སྐྱོང་འབད་མིའི་ དམིགས་ཡུལ་ངོ་མ་ར་ མ་འོངས་པའི་ནང་ གཡུས་ཚན་གྱི་ན་གཞོན་ ཚུ་ལུ་ ལཱ་གཡོག་སྤྲོད་ནི་དང་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ དེ་ལས་ ཕ་གླང་ཚུ་གསོ་སྐྱོང་འབད་ ནིའི་ འཆར་གཞི་ཡོདཔ་ཨིན་པས།

གཡུས་ཚན་ནང་ བར་སྐབས་ཅིག་ལས་ ནོར་གསོ་སྐྱོང་འབད་ནིའི་སྤྲོ་བ་ མར་ཕབ་སོང་ཡོད་རུང་ ལོག་སྟེ་གསོ་ སྐྱོང་འགོ་བཙུགས་ནིའི་སྐོར་ལས་ བློ་སླབ་སྟེ་ཡོད་ཟེར་ འཇིགས་མེད་ཀྱིས་བཤདཔ་ཨིན་པས།

ད་རེས་ནངས་པར་ གཡུས་མི་ཚུ་གིས་ ནོར་གསོ་སྐྱོང་སྐོར་ལས་ འཇིགས་མེད་ལུ་ དཔེ་བལྟ་དོ་ཡོདཔ་ད་ ཁོ་ ལས་ ནོར་གསོ་སྐྱོང་སྐོར་ལས་ ལྷབ་པར་འོང་དོ་ཡོདཔ་ཨིན་པས།

འཇིགས་མེད་ཀྱིས་སླབ་མིའི་ནང་ ད་ལྟོའི་ནོར་ཚུ་ སྤྱིར་བཏང་ནོར་བཟུམ་སྦེ་མེན་པར་ གསོ་སྐྱོང་འབད་ཐངས་ ཡང་ མ་འདྲ་བའི་ཁར་ གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པའི་ཁར་ རྩྭ་ཆག་ཚུ་ཡང་ དུས་ཚོད་ཁར་ བྱིན་ དགོ་པས་ཟེར་ཨིན་པས།

གཡུས་ཚན་དེ་ནང་ ཁྱིམ་གུང་པ་༢༠ ཡོད་མི་ལས་ མང་ཤོས་ཀྱིས་ ནོར་གསོ་སྐྱོང་འབད་དོ་ཡོདཔ་ད་ ཨོམ་ག་ར་ ཨོམ་བཟོ་སྦྱོར་ཁང་ནང་ བཙོང་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *