ས་སྣུམ་བཀྲམ་སྤེལ་ཁང་།

འདས་པའི་སྤྱི་ཟླ་༡༡ པ་ལས་ཚུར་ ས་སྣུམ་གྱི་གོང་ཚད་ཐེངས་༡༣ བསྐྱར་བཟོ་འབད་ཡོདཔ།

༉ འདས་པའི་ལོ་ནང་ ས་སྣུམ་གྱི་གོང་ཚད་ཚུ་ མར་བབས་སྦོམ་སྦེ་ར་ སོང་ཡོདཔ་ཨིན་རུང་ དུས་ཅི་འབདཝ་ད་ ལོག་སྟེ་ར་ ཧེ་མའི་གོང་ཚད་གུ་ རང་འཇགས་ལྷོད་ཡོདཔ་ཨིན་པས།

ཚོང་འབྲེལ་ལས་ཁུངས་ཀྱིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༡ ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ས་སྣུམ་གྱི་གོང་ཚད་ཐེངས་༡༣ བསྐྱར་བཟོ་འབད་ནུག།

འདས་པའི་ཟླཝ་༦ གི་ནང་འཁོད་ལུ་ ས་སྣུམ་པེ་ཊོལ་གྱི་གོང་ཚད་ ཚར་༩ ཡར་སེང་དང་ ཚར་༣ མར་ཕབ་འབད་ཡོདཔ་ཨིན་རུང་ ན་ཧིང་གི་ གོང་ཚད་དང་ཕྱདཔ་ད་ དངུལ་ཀྲམ་༨.༠༡ གིས་ ཡར་སེང་སོང་ནུག།

དེ་བཟུམ་སྦེ་ ས་སྣུམ་ཌི་ཟིལ་གྱི་ གོང་ཚད་ཡར་སེང་ཐེངས་༡༠ དང་ མར་ཕབ་ཚར་༣ འབད་བའི་ཤུལ་ལས་ ད་རེས་ ལི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠.༡༧ ཡར་སེང་སོང་ནུག།

ད་ལྟོའི་གནས་སྟངས་ནང་ ས་སྣུམ་པེ་ཊོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༢.༡༢ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༠.༧༤ རེ་ སླབ་དོ་ཡོདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༡༡ པའིཚེས་༡༡ ལུ་ རྒྱ་གར་གཞུང་གིས་ ཁྲལ་ཡང་ཆག་འབད་མི་ལུ་བརྟེན་ འབྲུག་གཞུང་གིས་ ས་སྣུམ་པེ་ཊོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༡༠.༢༩ མར་ཕབ་འབད་ཡོདཔ་ད་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧.༧༥ མར་ཕབ་འབད་ཡོད་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན།

ན་ཧིང་ ས་སྣུམ་གྱི་གོང་ཚད་ མར་ཕབ་འབད་བའི་ཤུལ་ལས་ པེ་ཊོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༤.༡༡ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༠.༥༧ ལས་བརྒལ་ མི་གནས་དོ་ཡོདཔ་ཨིན།

རྒྱ་གར་གྱི་ བརྡ་བརྒྱུད་ཚུ་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ རྒྱ་གར་ལུ་ པེ་ཊོལ་དང་ ཌི་ཟིལ་གྱི་གོང་ཚད་ཡར་སེང་སོང་མི་དེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མཐོ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ དེ་སྦེ་ཡར་སེང་སོང་མི་དེ་ཡང་ ས་སྣུམ་ཐོན་སྐྱེད་འབད་མི་ ལས་སྡེ་ཚུ་ནང་ ས་སྣུམ་གྱི་ཐོན་སྐྱེད་ མར་བབས་འགྱོ་མི་ལུ་བརྟེན་ ཨིནམ་སྦེ་བཤད་ནུག།

ས་སྣུམ་གྱི་ གོང་ཚད་ཡར་སེང་འགྱོ་མི་དང་ རྒྱ་གར་གྱི་ རུ་པིའི་གནས་གོང་མར་བབས་འགྱོ་མི་དེ་གིས་ ས་སྣུམ་གྱི་རིགས་ཚུ་གི་ གོང་ཚད་ཡར་སེང་འགྱོ་འོང་ཟེར་ བཀོད་དེ་འདུག།

རེས་གཟའ་ཕུརཔ་ལུ་ རྒྱ་གར་མུམ་བཱའི་ལུ་ པེ་ཊོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༨༤.༩༩ ལྷོད་ཡོདཔ་སྦེ་ རྒྱ་གར་གྱི་ བརྡ་བརྒྱུད་ཚུ་གིས་ སྙན་ཞུ་འབད་ནུག།

དེ་བཟུམ་སྦེ་ ཌི་ཟིལ་གྱི་གོང་ཚད་དེ་ཡང་ གོང་ཚད་མཐོ་ཤོས་ཅིག་ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧༢.༧༦ ལྷོད་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་ ས་མར་ཁུའི་གོང་ཚད་ ལི་ཊར་རེ་ལུ་ དངུལ་ཀྲམ་༣༡.༥༡ སླབ་དོ་ཡོདཔ་ད་ སྤྱི་ཟླ་༡ པའི་ཚེས་༡ དང་ཕྱདཔ་ད་ དངུལ་ཀྲམ་༢.༠༧ ཡར་སེང་སོང་ནུག།

འབྲུག་ས་སྣུམ་བཀྲམ་སྤེལ་ཁང་ནང་ ལཱ་འབད་མི་ ལས་བྱེདཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་མར་ཁུའི་ གོང་ཚད་དེ་ ཉིན་བསྟར་བཞིན་དུ་ ཕྱེད་ཀྲམ་གྱི་ཐོག་ལས་ ཡར་སེང་འགྱོ་བཞིན་དུ་ སྡོདཔ་མས་ཟེར་ཨིན་པས།

ད་ལྟོ་ཚུན་ཚོད་ཀྱི་རིང་ ས་སྣུམ་པེ་ཊོལ་གྱི་གོང་ཚད་དེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༥.༥༤ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *