འབའ་ཐང།

འདས་པའི་ལོ་ཚུ་ནང་ འབའ་ཐང་ཡར་སེང་སོང་མི་དེ་ ཚ་གྱང་ཅན་ལུ་གྱུར་ཡོདཔ།

༉ འདས་པའི་ལོ་ཚུ་ནང་ ཐིམ་ཕུག་ལུ་ འབའ་ཐང་ཡར་སེང་སོང་མི་ལུ་བརྟེན་ འབའ་ཐང་གི་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་གི་ཚེ་སྲོག་ལུ་ གནོད་སྐྱོན་ཡོདཔ་ལས་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

ཁ་ས་གྲབ་ཆུ་ལས་ བདེ་ཆེན་ཆོས་གླིང་གི་བར་ན་ འབའ་ཐང་༢༠ ཡར་སེང་སོང་མི་ཚུ་ཡང་ ཁྲོམ་སྦུག་ལུ་དང་ སྣུམ་འཁོར་ལམ་གཡས་དང་གཡོན་ དེ་ལས་ ཁྱིམ་གྱི་བར་ན་ལས་ཕར་ བཟོ་ཡོདཔ་ལས་ མིའི་ཚེ་སྲོག་ལུ་ གནོད་སྐྱོན་མང་དོ་ཡོདཔ་ཨིན་པས།

རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭའི་ འབའ་ཐང་ལུ་བརྟེན་ དཀའ་ངལ་ཐོན་མི་ཡར་སེང་འགྱོ་དོ་ཡོདཔ་བཞིན་དུ་ འདས་པའི་ལོ་ནང་ ལགཔ་འཛོལ་ཏེ་རྐྱབ་མི་ མདའ་༩ དེ་ཅིག་ མི་སྡོད་སའི་ ས་ཁོངས་ནང་ལྷོད་ཡོདཔ་ཨིན་པས།

འབའ་ཐང་ནང་ ཆང་འགྲངས་ཏེ་ མདའ་རྐྱབ་མི་ལུ་བརྟེན་ འབའ་གུ་མེན་པར་ མདའ་ཤོར་ཏེ་ ཁྱིམ་ཐོག་དང་ ཁྱིམ་གྱི་སྒོ་ སྒོ་སྒྲིག་ མི་སྡོད་ས་ཚུ་ནང་ ལྷོད་མི་ལེ་ཤ་ཐོན་ནུག།

སྐྱེས་ལོ་༦༤ ལང་མི་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ མདའ་རྩེད་དེ་ རང་ལུགས་ཀྱི་རྩེདམོ་ཨིན་རུང་ མདའ་རྩེཔ་ཚུ་གིས་ སེམས་བག་ཡེངས་དང་ ཆང་འགྲངས་མི་ དེ་ལས་ འགོ་དང་པ་རྩེད་མི་ཚུ་ལུ་བརྟེན་ ཁོ་རའི་ ཁྱིམ་གྱི་སྒོ་གུ་ མདའ་ཚར་༦ ཕོག་ཡི་ཟེར་ཨིན་པས།

རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭའི་ འབའ་ཐང་དེ་ བཟོ་ཚར་ཏེ་ ལོ་༡ ལང་ཡོདཔ་བཞིན་དུ་ འབའ་ཐང་དེ་ མང་ཤོས་ཅིག་ རྫོང་ཁག་གི་ལས་བྱེདཔ་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

ཐིམ་ཕུག་རྫོང་ཁག་བདག་སྐྱོང་གིས་ འབའ་ཐང་བཟོ་ནིའི་དོན་ལུ་ གཡུས་སྒོ་དེ་ཁའི་མི་ཚུ་ལས་ ཉོགས་མེད་ག་ནི་ཡང་ མ་ལེན་པར་ བཟོ་ཚར་བའི་ཤུལ་ལས་ རྫོང་བདག་དང་ རྫོང་རབ་གཉིས་ཀྱིས་ བརྒྱ་ཆ་ལས་༡༠༠ མི་སེར་ཚུ་གི་ ཉེན་སྲུང་དང་ལྡནམ་སྦེ་བཟོ་ནི་ཨིན་ཟེར་ སླབ་ཅི་ཟེར་ ཀུན་ལེགས་ཚེ་རིང་གིས་ བཤདཔ་ཨིན་པས།

ཨིན་ད་ར་ ག་ལེ་གིས་ སླབ་མིའི་ནང་ ཁོ་གི་ཁྱིམ་ཐོག་གུ་ མདའ་ཚར་༣ ཕོག་ཡོད་མི་ལས་ མདའ་རྩེཔ་ཅིག་གིས་ སྙན་ཞུ་མ་འབད་ཟེར་ དངུལ་ཀྲམ་༣༠༠ བྱིན་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ ལྕང་བང་གྲུ་ལུ་ཡོད་པའི་ འབའ་ཐང་དེ་ཡང་ ཉེན་སྲུང་དང་ལྡནམ་སྦེ་ མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཚེ་རིང་ཆོས་སྐྱིད་ཀྱི་ ཁྱིམ་གྱི་ཉེ་འདབས་ལུ་ཡོདཔ་ཨིན་པས།

འཕྲལ་འཕྲལ་ར་ མོ་རའི་ ཚོད་བསྲེ་ལྡུམ་ར་ནང་ མདའ་ལྷོད་དོ་ཡོདཔ་ལས་ རྩེད་འགྲན་འབད་བའི་སྐབས་ ཁྱིམ་ནང་ན་སྡོདཔ་མ་གཏོགས་ ཕྱི་ཁར་འཐོན་ནི་མེད་ཟེར་ ཚེ་རིང་ཆོས་སྐྱིད་ཀྱིས་ སླབ་ཨིན་པས།

ལྕང་གླིང་མི་ཐང་ནང་ འབའ་ཐང་༢ བཟོ་ཡོད་མི་དེ་ཡང་ ཉེན་སྲུང་དང་ལྡནམ་སྦེ་མེདཔ་ལས་ ཐབས་ཤེས་བཏོན་དགོཔ་ཡོདཔ་ད་ དེ་ཡང་ གཅིག་ལུང་བསྟན་ཟམ་པ་དང་ གཞན་མི་དེ་ ལྕང་གླིང་མི་ཐང་གི་ རྩེད་ཐང་ཁ་ཐུག་ལུ་ཡོདཔ་ཨིན།

འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ལས་བྱེདཔ་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ འབའ་ཐང་ནང་ ཉེན་སྲུང་དང་ལྡནམ་པའི་ ཐབས་ཤེས་བཏོན་དགོ་པའི་ཁར་ ཐབས་རིག་སྡེ་ཚན་ཡང་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *