འདས་པའི་ལོ་ནང་ རྒྱལ་སྤྱི་ལས་བསྐྱལ་མི་ ཕྱི་དངུལ་བརྒྱ་ཆ་༡༢.༥༧ ཡར་སེང་།

སྤྱི་ལོ་༢༠༢༠ ལུ་ རྒྱལ་ཁབ་ནང་ རྒྱལ་སྤྱི་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༡༥༩.༢༤ བསྐྱལ་མི་ལས་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་ བརྒྱ་ཆ་༡༢.༥༧ དེ་ཅིག་ ཡར་སེང་སོང་ཡོདཔ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྙན་ཞུ་ནང་བཀོད་ནུག།

དབང་འཛིན་གྱིས་འབད་བ་ཅིན་ རྒྱལ་སྤྱི་ལས་ ཕྱི་དངུལ་ལྷོད་མི་ཚུ་ཡང་ བརྒྱ་ཆ་༨༠ དེ་ཅིག་ ཨཱསི་ཊེ་ལི་ཡ་དང་ ཡུ་ཨེསི་ལས་ བརྒྱ་ཆ་༡༠ དེ་ལས་ མི་ཌཱལ་ཨིསི་ལས་ བརྒྱ་ཆ་༢.༥ ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ འི་སྐབས་ རྒྱལ་ཁབ་ཕྱི་ཁ་ལས་བསྐྱལ་མི་ཚུ་ལུ་ རྒྱབ་སྐྱོར་དང་ སྐྱེལ་འཐུས་སྤྲོད་ནིའི་དོན་ལུ་ དབང་འཛིན་གྱིས་ ཨཱསི་ཊེ་ལི་ཡའི་ དངུལ་ཁང་ནང་ ཨཱསི་ཊེ་ལི་ཡའི་ཌོ་ལར་གྱི་ རྩིས་ཁྲ་ཅིག་ཡང་ སྒོ་ཕྱེས་ཏེ་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།

དེ་ཡང་ རྒྱལ་སྤྱི་ལས་ ཕྱི་དངུལ་བསྐྱལ་བའི་སྐབས་ གྱོང་རྒུད་མར་ཕབ་ཀྱི་ ལྷན་ཐབས་འབད་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

དབང་འཛིན་དང་འཁྲིལཝ་ད་ ཀོ་བིཌ་-༡༩ ལུ་བརྟེན་ འབྲུག་མི་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ལེན་འབད་མི་ གྱངས་ཁ་ཡར་སེང་སོང་པའི་ཁར་ ཞབས་ཏོག་གི་དོན་ལུ་ ཐོ་བཀོད་འབད་མི་ཡང་ ཡར་སེང་སོང་ནུག།

ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་ ལག་ལེན་འཐབ་མི་ མང་སུ་ཐོན་ཡོདཔ་བཞིན་དུ་ དབང་འཛིན་གྱིས་ ཐབས་ལམ་ལེ་ཤ་ བཏོན་ཡོད་མི་ཚུ་ཡང་ མཁོ་སྤྲོད་དང་ མཁོ་མངགས་༢ ཆ་ར་ལུ་ ལྷན་ཐབས་བྱུང་སྟེ་ ཡོདཔ་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འགྲུལ་སྐྱོད་བཀག་དམ་ ཉིནམ་༡༤ འི་ནང་འཁོད་ལུ་ མི་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ལེན་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ ཏི་རུ་སྤྲོད་ལེན་ཡོངས་བསྡོམས་ལས་ བརྒྱ་ཆ་༨༩.༩ དེ་ཅིག་ འགྲུལ་འཕྲིན་གྱི་རིམ་ལུགས་ ལག་ལེན་འཐབ་ཡོདཔ་ཨིན་པས།

དེ་གི་འོག་ལས་ར་ ཀིའུ་ཨར་གསང་རྟགས་ བརྒྱ་ཆ་༥.༡ དང་ བི་ཝ་ལེཊ་བརྒྱ་ཆ་༢.༢ དེ་ཅིག་ ལག་ལེན་འཐབ་ཡོདཔ་བཞིན་དུ་ འགྲུལ་སྐྱོད་བཀག་དམ་སྐབས་ འགྲུལ་འཕྲིན་ཝ་ལེཊ་གི་དོན་ལུ་ ཞབས་ཏོག་ལེན་མི་གསརཔ་༤,༡༩༩ དང་ ཨི-ཝ་ལེཊ་གི་དོན་ལུ་༣,༦༨༧ གྱིས་ ཐོ་བཀོད་འབད་ནུག།

དེ་འབདཝ་ལས་ ནང་འཁོད་དངུལ་སྤྲོད་ལེན་དེ་ དངུལ་ཀྲམ་ཐེར་འབུམ་༥.༠༧ ལུ་ ཡར་སེང་སོང་ཡོདཔ་ད་ ཏི་རུ་སྤྲོད་ལེན་ཡོངས་བསྡོམ་ལས་ བརྒྱ་ཆ་༡.༩ དེ་ དངུལ་བཏོན་འཕྲུལ་ཆས་ཐོག་ལུ་ འབད་ཡོད་མི་དེ་ཡང་ འགྲུལ་སྐྱོད་བཀག་དམ་དང་ ཀོ་བིཌ་-༡༩ ཐོབ་ཉེན་ཡོད་པའི་ ཚ་གྱང་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ བརྒྱ་ཆ་༥༨ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འབྲུག་ལུ་ རུ་པི་ཐོག་ལུ་ རྒྱ་གར་གྱི་རུ་པི་༦༧,༨༠༠ དང་ རུ་པི་༡༣༩,༠༠༠ དེ་ཅིག་ རྒྱ་གར་ལུ་ བཏོན་ཡོད་པའི་ སྙན་ཞུ་འབད་ཡོདཔ་ད་ དབང་འཛིན་དང་འཁྲིལ་བ་ཅིན་ ཞབས་ཏོག་ལག་ལེན་འཐབ་མི་ཚུ་དང་ ཡོངས་འབྲེལ་ཐོག་ལས་ དྲི་བ་དྲིས་ལན་འབད་བའི་སྐབས་ མང་ཤོས་ཅིག་གིས་ ནད་ཡམས་ཀྱི་ཤུལ་ལས་ཡང་ ཞབས་ཏོག་དེ་ ལག་ལེན་འཐབ་ནི་སྦེ་ སླབ་དེས་ཟེར་ཨིན་པས།

དེ་མ་ཚད་ ཡོང་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ལེན་འབད་བའི་སྐབས་ འཇམ་ཏོང་ཏོ་དང་ སྟབས་བདེ་ཏོག་ཏོ་ཡོདཔའི་ཁར་ དེ་ལས་ལྷག་པའི་ ཡོངས་འབྲེལ་གྱི་ དངུལ་སྤྲོད་ལེན་གྱི་ ཐབས་ཤེས་གཞན་ཚུ་ཡང་ བལྟ་དགོ་པའི་ བསམ་འཆར་ཚུ་ཡང་ བཀོད་ཡོདཔ་ཨིན་པས།

ད་ལས་ཕར་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་འབྲེལ་ལས་ཁང་ཚུ་གིས་ མདུན་སྐྱོད་ལས་རིམ་དེ་ཡང་ ཐོན་སྐྱེད་གསར་གཏོད་དང་ གཞི་རྟེན་མཐུན་རྐྱེན་ལ་སོགས་པ་ཐོག་ལས་ ཡོངས་འབྲེལ་ཐོག་གི་ དངུལ་སྤྲོད་ལེན་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *