འདས་པའི་ལོ་༢ ནང་ རྒྱལ་སྤྱིའི་མི་སྟོབས་གོང་འཕེལ་ཨང་གནས་ མར་བབས་སོང་ཡོདཔ།

༉ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༢༡-༢༠༢༢ ལོའི་ སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་༢ ནང་ རྒྱལ་སྤྱིའི་མི་སྟོབས་གོང་འཕེལ་ཨང་གནས་ མར་བབས་སོང་མི་ལུ་བརྟེན་ ལོ་༥ འི་རིང་ ཡར་ཐོན་སོང་མི་ ཨང་གནས་དེ་ རྩ་མེད་བཏང་ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ འཛམ་གླིང་དེ་ ཚ་གྱང་ལང་དགོ་པའི་ས་གོ་ཅིག་ནང་ ལྷོད་ཡོད་པའི་ཁར་ ནད་ཡམས་ཀོ་བིཌ་-༡༩ གིས་ རྒྱལ་ཁབ་ག་རའི་ནང་ མི་སྟོབས་གོང་འཕེལ་ ཕྱིར་ལོག་བཟོ་ཡོདཔ་ལས་ ཚོད་དཔག་འབད་མ་ཚུགས་པའི་ དུས་ཚོད་ཅིག་ནང་ ལྷོད་དེ་འདུག་ཟེར་བཀོད་ནུག།

ཡུཀ་རེན་ལུ་ དམག་འཁྲུགས་ལང་བའི་བསྒང་ཡོད་མི་དང་ ས་ཁོངས་ལ་ལོ་ཅིག་ནང་ མི་ལུ་སྡུག་སྦྱོང་ཚུ་ ཡར་སེང་སོང་སྟེ་ཡོད་པའི་ཁར་ ཚ་དྲོད་ཡར་འཕར་སོང་མི་ ནགས་མེ་དང་རླུང་འཚུབས་ལ་སོགས་པའི་ རང་བཞིན་གྱི་རྐྱེན་ངན་ཚུ་གི་ འཇིགས་པ་ཡར་སེང་སོང་ཡོདཔ་ལས་ བརྟན་ཏོག་ཏོ་མེད་པའི་ དུས་ཚོད་ཅིག་ནང་ ལྷོད་དེ་འདུག་ཟེར་བཀོད་ནུག།

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནི་བོ གུ་ཏ་རིས་གིས་ དམག་འཁྲུགས་འཕྲོ་མཐུད་ལང་མི་དེ་གིས་ རྒྱལ་སྤྱིའི་ནང་ བཟའ་འཐུང་མ་ལང་བའི་དཀའ་ངལ་ ཡུན་རིང་འཐོན་ནིའི་སྐོར་ལས་ ཡང་བསྐྱར་བཤད་དེ་ཡོདཔ་ཨིན་པས།

ནད་ཡམས་མ་འཐོན་པའི་ཧེ་མ་ཡང་ རྒྱལ་སྤྱིའི་གནས་ཚད་ནང་ མི་༧ ལས་༦ ལུ་ ཉེན་སྲུང་མེད་པའི་ ཚོར་སྣང་བྱུང་སྟེ་ཡོདཔ་ད་ གནས་སྟངས་དེ་ ཧེང་སྐལ་ར་ སྲིད་དོན་ཚོགས་པ་ཚུ་གིས་ མི་སེར་ཚུ་ ཕྱོགས་གཅིག་ནང་ བཏོན་བཞག་མི་ལུ་བརྟེན་ གནས་སྟངས་སྐྱོ་དྲག་བཟོ་དོ་ཡོདཔ་ལས་ མི་མང་ཤོས་ར་ དབུགས་འགམ་བྱུང་སྟེ་ཡོདཔ་ཨིན་པས།

བརྟན་ཏོག་ཏོ་མེད་མི་དང་ སྲིད་དོན་ཚོགས་པ་ཚུ་གིས་ མི་སེར་ཚུ་ ཕྱོགས་གཅིག་ནང་ བཏོན་བཞག་པའི་གནས་སྟངས་ཀྱིས་ འཛམ་གླིང་ནང་ མི་ལུ་འབྱེམ་ཕོག་མིའི་དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

འདས་པའི་ལོ་༡༢༥ འི་ནང་འཁོད་ལུ་ འཛམ་གླིང་གི་ ཁ་སྐད་ཡོངས་གྲགས་ཅན་༣ ནང་ གསལ་སྟོན་འབད་མི་དང་འཁྲིལ་རུང་ འཛམ་གླིང་གི་ ས་ཁོངས་མང་ཤོས་ཅིག་ནང་ མི་ལུ་ཚ་གྱང་དང་ དཀའ་སྡུག་བྱུང་མི་དེ་ ཡར་སེང་སོང་སྟེ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།

ཞིབ་འཚོལ་ཆུང་ཀུ་རེ་འབད་མི་ སྙན་ཞུ་ཚུ་དང་འཁྲིལ་རུང་ སྤྱི་ལོ་༢༠༡༢ ལས་ཚུར་ སླབ་མ་ཚུགས་པའི་དུས་ཚོད་ འཐོན་མིའི་ གྱངས་ཁ་དེ་ཡང་ མགྱོགས་དྲག་སྦེ་ ཡར་སེང་སོང་སྟེ་ཡོད་པའི་ མངོན་གསལ་བྱུང་མི་དེ་ ནད་ཡམས་མ་འཐོན་པའི་ ཧེ་མ་ལས་ཐོན་ཡོདཔ་ཨིན་པས།

གོང་གི་དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ སྲིད་བྱུས་དང་ གཙུག་སྡེ་ཚུ་གིས་ མ་རྩ་བཙུགས་ནི་དང་ ཉེན་སྲུང་བཟོ་ནི་ དེ་ལས་ ཐབས་རིག་ཚུ་བཏོན་དགོ་ཟེར་ཨིན་པས།

རང་བཞིན་གྱི་ཐོག་ལས་ མི་ཚུ་ཡར་དྲག་གཏང་ཚུགས་པ་ཅིན་ དེ་གིས་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པའི་ཁར་ དཔལ་འབྱོར་དང་ བཟའ་འཐུང་ཉེན་སྲུང་བཟོ་སྟེ་ གདམ་ཁ་བཟོ་ཚུགས་ནི་ཨིན་པས།

ཐབས་རིག་གསརཔ་ཚུ་བཏོན་པ་ཅིན་ དེ་གིས་ མ་མཐོང་བའི་དཀའ་ངལ་དང་ གྲུབ་འབྲས་ཚུ་ འཐོན་ཚུགས་པའི་ཁེ་ཕན་འབྱུང་ཚུགས་ཟེར་ཨིནམ་ད་ གྲུབ་འབྲས་འཐོན་ནིའི་དོན་ལུ་ གཞུང་གིས་ འགན་ཁུར་ངོ་མ་འབག་ནི་དེ་ཡང་ གལ་ཆེ་ཟེར་ སྙན་ཞུའི་ནང་བཀོད་ནུག།

ཨིན་རུང་ ད་ལས་ཕར་གྱི་གནས་སྟངས་དེ་ ག་བཟུམ་ཅིག་ནང་ ལྷོད་ནི་ཨིན་ན་དེ་ མི་མང་གིས་ གཅིག་སྒྲིག་དང་ གཅིག་མཐུན་ཐོག་ལས་ ལཱ་འབད་ཐངས་ལུ་ རག་ལས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *