འདས་པའི་ཟླཝ་༦ ནང་ ཨེཆ་ཨའེ་བི་ཐོབ་མི་གསརཔ་༣༦ ངོས་འཛིན།

༉ གསོ་བ་ལྷན་ཁག་གིས་ དུས་ཅི་སྤྱི་ཟླ་དང་པ་ལས་༦ པ་ཚུན་ ཕོ་སྐྱེས་༢༡ དང་ ཨམ་སྲུ་༡༥ བརྩིས་ཏེ་ མི་༣༦ ལུ་ ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའེ་བི་ནད་འབུབ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག།
སྤྱི་ལོ་༡༩༩༣ ལས་ རྒྱལ་ཁབ་ནང་ ནད་འབུབ་འགོ་དང་པ་ ཐོབ་ཡོད་པའི་ ཐོ་བཀོད་འབད་ཞིནམ་ལས་ཚུར་ ད་རེས་ ནད་གཞི་ཐོབ་མིའི་གྱངས་ཁ་ ཕོ་སྐྱེས་༣༤༤ དང་ ཨམ་སྲུ་༣༡༩ བརྩིས་ཏེ་ མི་གྲངས་༦༦༣ ལུ་ ལྷོད་དེ་ཡོདཔ་ཨིན་པས།
ནད་འབུབ་ཐོབ་མི་ གསརཔ་ཚུ་གི་གྲས་ལས་ བརྒྱ་ཆ་༨༣ དེ་ཅིག་ སྐྱེས་ལོ་༢༠ དང་༤༩ འི་བར་ན་ འབད་མི་ཚུ་ཨིནམ་ད་ ད་རེས་ནད་འབུབ་ཐོབ་མི་ཚུ་གི་གྲངས་སུ་ ནང་གི་ཨམ་༡༡ དང་ སྒེར་སྡེ་དང་ ཚོང་འབྲེལ་དབྱེ་ཁག་ནང་ ལཱ་འབད་མི་༧ དེད་གཡོགཔ་༦ སོ་ནམ་པ་༥ ཞི་གཡོགཔ་༢ དེ་ལས་ ལས་འཛིན་ནང་ལཱ་འབད་མི་༡ དམག་སྡེའི་སྒྲིག་གོ་གྱོན་མི་༡ ན་གཞོན་ལཱ་གཡོག་མེད་མི་༡ འདུག་ཟེར་ གསོ་བ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ནད་འབུབ་དེ་ཡང་ མི་༣༥ དེ་ ཉེན་སྲུང་མེད་པར་ ལུས་འབྲེལ་འབད་མི་དང་ ནདཔ་༢ པོ་དེ་ ཨའི་ལུ་བརྟེན་ ཐོབ་ཡོདཔ་ད་ བརྒྱ་ཆ་༢༢ དེ་ཅིག་ འབྲེལ་བ་འཐབ་པའི་སྐབས་ བདའ་ཟུན་མི་དེ་ མཐོ་ཤོས་ཨིན་པའི་ཁར་ དེ་གི་ཤུལ་ལས་ར་ བརྒྱ་ཆ་༣༡ གསོ་བའི་བརྟག་དཔྱད་འབདཝ་ད་ བདའ་ཟུན་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་ནང་ བརྒྱ་ཆ་༢༢ དེ་ ཁས་བླངས་དང་ བསླབ་སྟོན་ནང་འོངམ་ད་ བདའ་ཟུན་ཡོདཔ་མ་ཚད་ ཨ་ལོ་སྐྱེས་བའི་ཤུལ་ལས་ ཨའི་ཚུ་བརྟག་དཔྱད་འབད་བའི་སྐབས་ མི་༢ ལུ་ ནད་འབུབ་ཐོབ་ཡོདཔ་དང་ ཁྲག་གི་ཞལ་འདེབས་འབད་བའི་སྐབས་ལུ་ཡང་ ནད་འབུབ་ཐོབ་པའི་ མངོན་གསལ་བྱུང་ནུག།
ནད་འབུབ་ཐོབ་མི་ གཙོ་བོ་ར་ ལུས་འབྲེལ་འབད་བའི་སྐབས་ ཉེན་སྲུང་གི་ ཐབས་ཤེས་ལག་ལེན་མ་འཐབ་མི་ལུ་བརྟེན་ ཐོབ་ནུག་ཟེར་ཨིནམ་ད་ ད་རེས་ ནད་འབུབ་ཐོབ་མི་༣༦ ག་ར་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ར་ མི་ངོ་༥༧ གྱིས་ ནད་འབུབ་ཐོབ་ཡོདཔ་ཨིན་པས།
གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ གནས་ཚུལ་གསར་བཏོན་ནང་ བཀོད་མིའི་ནང་ སྤྱི་ཟླ་དང་པ་ལས་ ཟླ་༦ པ་ནང་འཁོད་ལུ་ ནད་འབུབ་ཐོབ་མི་གསརཔ་༣༦ སྤྱིར་བཏང་ནད་འབུབ་ཐོབ་མི་ བརྒྱ་ཆ་༤༧.༦ ཡོད་མི་ལས་ ནད་ངོས་འཛིན་ཁྱད་པར་ བརྒྱ་ཆ་༢.༤ བསུབས་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ནད་འབུབ་ཐོབ་མི་ཚུ་གིས་ དུས་ཚོད་ཁར་ སྨན་བཅོས་འབད་ནི་དང་ རྒྱབ་སྐྱོར་འབད་ནི་ ནད་འབུབ་གཞན་ལུ་ སྤེལ་མི་བཅུག་ནི་དེ་ ང་བཅས་རའི་ འགན་ཁུར་ཨིན་ཟེར་ཨིན་པས།
གསོ་བ་བློན་པོ་གིས་ བཤད་མིའི་ནང་ ཨ་ལོ་ཆགས་མི་ ཨམ་སྲུ་ཚུ་གིས་ ཨ་ལོ་མ་སྐྱེས་ཚུན་གྱི་ ནང་འཁོད་ལུ་ ནད་འབུབ་བརྟག་དཔྱད་འབད་ནི་དེ་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ གལ་སྲིད་ ནད་འབུབ་ཐོབ་སྟེ་ཡོད་པ་ཅིན་ ཨ་ལོ་ལུ་ མི་འབུ་ནིའི་དོན་ལུ་ བཀག་ཐབས་འབད་དགོ་ཟེར་ཨིན་པས།
ཨ་ལོ་སྐྱེས་བའི་ཤུལ་ལས་འབད་རུང་ ཨམ་སྲུ་ཚུ་གིས་ ནད་འབུབ་མ་ཐོབ་སྦེ་ སྡོད་དགོ་ཟེར་ཨིནམ་ད་ སྤྱི་ལོ་༢༠༢༠ ལས་ ཨ༌ལོ་གསར་སྐྱེས་ཚུ་ལུ་ འབྲུག་གིས་ ཨེཆ་ཨའེ་བི་དང་ སི་ཕི་ལིསི་ ཧེ་པ་ཊེ་ཊིསི་བི་འཐོབ་ནི་ལས་ རྩ་མེད་བཟོ་ནིའི་དོན་ལུ་ ལཱ་འབད་ནི་དེ ཁག་ཆེ་ཟེར་ གསོ་བ་བློན་པོ་གིས་བཀོད་ནུག།
མི་མང་གསོ་བའི་ལས་ཁུངས་ཀྱི་མདོ་ཆེན་ ཌོག་ཊར་ཀརྨ་ལྷ་འཛིན་གྱིས་ བཤད་མིའི་ནང་ ལྷན་ཁག་གིས་ མ་འོངས་པ་ལུ་ ཨེཆ་ཨའེ་བི་བརྟག་དཔྱད་ཞབས་ཏོག་ཆ་ཚང་ཅིག་ གཞི་བཙུགས་འབད་ནི་གི་ ཐབས་ཤེས་ཚུ་ བལྟ་བའི་བསྒང་ཡོད་མི་དེ་ཡང་ དུས་ཚོད་འཕོ་འགྱུར་དང་བསྟུན་ མི་ཚུ་ལུ་ བརྟག་དཔྱད་འབད་ནི་གི་ སེམས་ཤུགས་བསྐྱེད་ཐབས་ལུ་ཨིན་ཟེར་ཨིན་པས།
འཛམ་གླིང་རྒྱལ་སྤྱི་ཨེཌསི་ལས་སྡེ་གིས་ འབྲུག་ལུ་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ མི་༡,༢༦༥ དེ་ཅིག་འོང་ནི་ཨིན་པའི་ སྔོན་རྩིས་བཏོན་མི་ལས་ ད་རེས་ བརྒྱ་ཆ་༤༧.༦ ཁྱད་པར་ཞུགས་ཏེ་ཡོདཔ་བཞིན་དུ་ ད་རུང་ འབྲུག་མི་༦༠༢ དེ་ཅིག་ལུ་ ནད་འབུབ་ཐོབ་ཡོད་རུང་ ཁོང་གིས་ མ་ཤེས་པར་ཡོདཔ་འོང་ནི་ཨིན་པས།
རྒྱལ་ཡོངས་ཨེཆ་ཨའེ་བི་དང་ ཨེཌསི་ དེ་ལས་ ལུས་འབྲེལ་ལུ་བརྟེན་སྤེལ་བའི་ ནད་གཞི་ཨེསི་ཊི་ཨའི་བཀག་ཐབས་ལས་རིམ་གྱི་ ལས་རིམ་འགོ་དཔོན་ ལས་སྐྱིད་མཁའ་འགྲོ་གིས་ ནད་འབུབ་བརྟག་དཔྱད་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིན་རུང་ ཨེཆ་ཨའེ་བི་ཐོབ་མི་ བདའ་ཟུན་ནིའི་དོན་ལུ་ ནད་འབུབ་ཐོབ་མི་དང་ མ་ཐོབ་མི་ཚུ་གིས་ རྒྱབ་སྐྱོར་ལེགས་ཤོམ་བྱིན་ནི་དེ་ གལ་ཆེ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *