འདས་པའི་ཉིནམ་༢ ནང་ མི་གྲངས་༡༨༦,༠༠༠ དེ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ཡོདཔ།

༉ ཁ་ཙ་ རྒྱལ་ཁབ་ནང་ མི་གྲངས་༩༧,༠༠༠ དེ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་མི་དང་བསྟུན་ འདས་པའི་ཉིནམ་༢ ནང་ བསྡོམས་ཀྱིས་ མི་གྲངས་༡༨༦,༠༠༠ ལུ་ སྨན་ཁབ་བཙུགས་ནུག།

ཉིནམ་དང་པའི་ནང་ ཕོ་སྐྱེས་༤༥,༢༡༡ དང་ ཨམ་སྲུ་༣༩,༤༥༦ འབདཝ་ད་ ཡོངས་བསྡོམས་མི་གྲངས་༨༤,༧༣༣ ལུ་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།

བདུན་ཕྲག་༡ གི་ནང་འཁོད་ལུ་ འབྲུག་མི་བསྡོམས་༥༣༣,༥༥༨ ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ནིའི་ཚོད་དཔག་འབད་མི་དང་བསྟུན་ དུས་ཅི་གི་ ལོའི་སྔ་ཆ་ལུ་ རྒྱ་གར་ལས་ ཤོ་ཐེངས་དང་པའི་ནང་ ཀོ་བི་ཤིལཌ་སྨན་ཁབ་༡༥༠,༠༠༠ ལྷོད་ཡོདཔ་བཞིན་དུ་ ཤོ་ཐེངས་༢ པ་ལྷོད་མི་དེ་བརྩིསཝ་ད་ སྨན་ཁབ་བསྡོམས་༥༥༠,༠༠༠ ལྷོད་ཡོདཔ་ཨིན་པས།

རྒྱལ་ཡོངས་སྨན་ཁབ་ལས་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༢༧ གྱི་ དྲོ་པའི་ཆུ་ཚོད་ཕྱེད་དང་༡༠ ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་བསྒང་ རྟེན་འབྲེལ་གྱི་ཆེ་བ་ལུ་དམིགས་ཏེ་ འགོ་དང་པ་ར་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་སྤྲེལ་ལོ་མ་ ཉི་ཟླ་སྒྲོལ་མ་ལུ་ སྨན་ཁབ་བཙུགས་ཅི།

སྨན་ཁབ་ལས་རིམ་དེ་ཡང་ ངོས་འཛིན་འབད་མི་ ས་ཁོངས་༡,༡༠༠ ཆ་མཉམ་ནང་ འགོ་དང་པ་ ཨམ་སྲུ་སྤྲེལ་ལོ་མ་ཚུ་ལས་ སྨན་ཁབ་བཙུགས་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཉི་ཟླ་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ནང་ འགོ་དང་པ་ར་ མོ་ལུ་ སྨན་ཁབ་བཙུགས་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ མོ་ར་ སྨན་ཁབ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ འི་ ནང་འཁོད་ལུ་ ན་ཟུག་རྐྱབ་ནི་ལ་སོགས་པའི་ རྟགས་མཚན་ཚུ་ ག་ནི་ཡང་ མ་སྟོན་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

སྨན་ཁབ་དེ་གིས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཞི་བཅུག་ཟེར་བའི་ སྨོན་ལམ་བཏབ་ཅི་ཟེར་ ཉི་ཟླ་སྒྲོལ་མ་གིས་ སླབ་ཨིན་པས།

མོ་གིས་ སླབ་མིའི་ནང་ སྨན་ཁབ་དེ་ ཉེན་སྲུང་དང་ལྡན་པའི་ཁར་ རང་ལུ་ནད་གཞི་མི་ཐོབ་ནི་དང་ གཞན་ལུ་མི་སྤེལ་ནིའི་ ཕན་ཐོགས་ཡོདཔ་ལས་ འབྲུག་མི་ག་ར་གིས་ འགན་ཁུར་འབག་སྟེ་ སྨན་ཁབ་བཙུགས་གནང་ཟེར་ དྲན་གསོ་འབདཝ་ཨིན་པས།

ཉིནམ་དང་པའི་ནང་ བློན་ཆེན་གྱི་ ཕམ་སྤུན་ཆ་བསྡོམས་ མི་གྲངས་༥༠ དེ་ཅིག་ལུ་ སྨན་ཁབ་བཙུགས་ཡོདཔ་ད་ བློན་ཆེན་གྱི་གནས་ཚང་ ཌོག་ཊར་ཨྱོན་སྒྲོལ་མ་ལུ་ཡང་ སྨན་ཁབ་བཙུགས་ཡོདཔ་ད་ བློན་ཆེན་གྱི་ གནས་ཚང་དེ་ ད་ལྟོ་ སྐྱེས་ལོ་༡ ལང་མི་ ཨ་ལོ་ལུ་ ཨོམ་བྱིན་པའི་བསྒང་ཡོདཔ་ཨིན་པས།

ཁྲག་ཤུགས་མཐོ་དྲགས་ཡོད་མི་ སྐྱེས་ལོ་༨༠ ལང་མི་ བློན་ཆེན་ཕམ་༢ ལུ་ཡང་ སྨན་ཁབ་བཙུགས་ཡོདཔ་མ་ཚད་ སྐྱེས་ལོ་༨༧ ལང་མི་ གནས་ཚང་གི་ ཨང་རྒས་ལུ་ཡང་ སྨན་ཁབ་བཙུགས་ཡོདཔ་བཞིན་དུ་ གུ་རམ་གྱི་ ནད་གཞི་ཡོད་མི་ སྤུན་ཆ་ཚུ་ཡང་ སྨན་ཁབ་བཙུགས་ཡོདཔ་སྦེ་ བློན་ཆེན་གྱི་ གདོང་དེབ་ཕེས་བུག་ནང་ གསལ་བཀོད་འབད་ནུག།

རྒྱལ་ཡོངས་སྨན་ཁབ་ཀྱི་ ཁྱད་རིག་གྲོས་བསྟུན་སྡེ་ཚན་ལས་ ཌོག་ཊར་ ཇི་པི་ཌ་ཀཱལ་གྱིས་ སླབ་མིའི་ནང་ ཉིནམ་༢ ནང་ སྨན་ཁབ་བཙུགས་པའི་ཤུལ་ལས་ མི་༣,༠༠༠ དེ་ཅིག་ལུ་ ན་ཟུག་རྐྱབ་མི་ཚུ་གི་གྲས་ལས་ བརྒྱ་ཆ་༢༦ མགུ་ཏོ་ན་མི་དང་ བརྒྱ་ཆ་༢༡ དྲོད་འབར་རྐྱབ་མི་ བརྒྱ་ཆ་༡༣ ཁ་ལས་སྐྱུགས་ནི་བཟུམ་ འབད་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཀོ་བིཌ་སྨན་ཁབ་རྐྱབ་མི་ རྐྱངམ་གཅིག་ལུ་མེན་པར་ སྨན་ཁབ་གཞན་རྐྱབ་རུང་ རྟགས་མཚན་ཚུ་ ཅོག་འཐདཔ་སྦེ་ར་ ཐོན་དོ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ ཨིན་པས།

གལ་སྲིད་ གཟུགས་དང་མགུ་ཏོ་ ཤུགས་སྦེ་ན་ནི་དང་ དྲོད་འབར་རྐྱབ་ནི་ གློ་འཁོག་ནི་ལ་སོགས་པའི་ རྟགས་མཚན་བཏོན་པ་ཅིན་ གློ་བུར་སྨན་ཁང་དང་ ཡང་ཅིན་ ས་གནས་ཀྱི་ཌོག་ཊར་ཚུ་དང་ འབྲེལ་བ་འཐབ་སྟེ་ བརྟག་དཔྱད་འབད་བར་འགྱོ་དགོ་ཟེར་ ཌོག་ཊར་གྱིས་ བཤདཔ་ཨིན་པས།

ཉིནམ་དང་པའི་ནང་ མི་༢ ཀྱིས་ སྨན་ཁབ་ཚར་༢ བཙུགས་ཡོད་རུང་ བརྟག་ཞིབ་འབད་བའི་སྐབས་ དཀའ་ངལ་ག་ནི་ཡང་ མ་འཐོན་པའི་ཁར་ ཌོག་ཊར་དང་འཁྲིལཝ་ད་ ཐེངས་༢ པའི་སྨན་ཁབ་དེ་ཡང་ ངེས་པར་དུ་ བཙུགས་དགོཔ་ཨིན་ཟེར་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཚེ་སྲོག་ལུ་ ཉེན་ཁ་བཀལ་བའི་གནོད་སྐྱོན་ཚུ་ ག་ནི་ཡང་ མ་ཐོནམ་མ་ཚད་ གསོ་བ་དང་འབྲེལ་བའི་ དཀའ་ངལ་དུམ་གྲ་རེ་ ཐོན་མི་ཚུ་ཡང་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་དོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *