འདས་པའི་ཉིནམ་༢ ནང་ ནད་ཡམས་ཀོ་ བིཌ་-༡༩ ཐོབ་མི་༡༢ བདའ་ཟུན་ཡོདཔ།

༉ ཐིམ་ཕུག་རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ བརྟག་དཔྱད་འབད་མི་དེ་ ཁ་ཙ་ གསོ་བ་ལྷན་ཁག་གིས་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ ཨམ་སྲུ་༧ དང་ ཕོ་སྐྱེས་༣ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་ཡོདཔ་ད་ འདས་པའི་ཉིནམ་༢ ཀྱི་ ནང་འཁོད་ལུ་ར་ ཕོ་སྐྱེས་༤ དང་ ཨམ་སྲུ་༨ འབདཝ་ད་ མི་༡༢ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་ བདའ་ཟུན་མི་དེ་ མཐོ་ཤོས་ཅིག་ཨིན་པས།
ནད་འབུབ་ཐོབ་མི་ ནདཔ་གསརཔ་ག་ར་ འཕྲལ་ཁམས་ཅིག་ཁར་ མི་ཌཱལ་ཨིསིཊ་ལུང་ཕྱོགས་ལས་ ལོག་འོང་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༣༠ ལུ་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ ཕོ་སྐྱེས་༣༩ དང་ཨམ་སྲུ་༡༠༧ གྱི་ དཔེ་ཚད་ཚུ་ པི་སི་ཨར་ཐོག་ལུ་ བརྟག་དཔྱད་འབདཝ་ད་ མི་༡༠ ལུ་ ནད་རྟགས་ཐོན་ཡོདཔ་བཞིན་དུ་ ཉིནམ་དེ་གི་ཧེ་མར་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་༡ དང་ སྐྱེས་ལོ་༢༤ ལང་མི་ཨམ་སྲུ་༡ ལུ་ ནད་འབུབ་ཐོབ་མི་ཡང་ མི་ཌཱལ་ཨིསིཊ་ལས་ འོང་ཡོདཔ་ཨིན་པས།
ཨིན་རུང་ ཕུན་ཚོགས་གླིང་ཀོ་བིཌ་-༡༩ བརྟག་དཔྱད་ཁང་ནང་ ཕོ་སྐྱེས་༢༦ དང་ཨམ་སྲུ་༡༡ དེ་ལས་ མོང་སྒར་ཀོ་བིཌ་-༡༩ བརྟག་དཔྱད་ཁང་ནང་ ཕོ་སྐྱེས་༡ གི་ དཔེ་ཚད་བརྟག་དཔྱད་འབདཝ་ད་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ནུག།
ད་རེས་བདའ་ཟུན་མི་ ནདཔ་ཚུ་ཡང་ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ མི་ཌཱལ་ཨིསིཊ་རྒྱལ་ཁབ་ ཌུ་བའེ་ལས་ རྒྱལ་ཁབ་ནང་ ལོག་འོང་མི་ འབྲུག་མི་༡༡༦ གྲངས་སུ་ཨིནམ་ད་ ནདཔ་ལ་ལོ་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ཀུ་ཝེཊ་ལས་ འབྲུགཔ་༡༤༠ ལོག་འོང་མི་ལས་ ནད་འབུབ་ཐོབ་ཡོདཔ་ བདའ་ཟུན་ནུག།
ནདཔ་དེ་ཚུ་ རྒྱལ་ཁབ་ནང་ ལྷོད་པའི་ཤུལ་ལུ་ སྤ་རོ་དང་ ཐིམ་ཕུག་ཟུར་བཞག་ཁང་ཚུ་ནང་ ཉིན་གྲངས་༢༡ གི་དོན་ལུ་ བཞག་ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་ ནད་འབུབ་ཡོད་པའི་ བདའ་ཟུན་མི་ ནདཔ་༣༢ ཀྱི་གྲས་ལས་ ཕོ་སྐྱེས་༡༣ དང་ ཨམ་སྲུ་༢༠ ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༡༠ ལས་༡༥ འི་བར་ན་ ཕོ་སྐྱེས་༥ དང་ ཨམ་སྲུ་༥ ལུ་ ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་ནུག།
དེ་བཟུམ་སྦེ་ སྤྱི་ཟླ་༥ པའི་ཚེས་༢༢ ལས་༣༠ གི་བར་ན་ ཕོ་སྐྱེས་༧ དང་ ཨམ་སྲུ་༡༥ ལུ་ ནད་འབུབ་ཐོབ་པའི་ བདའ་ཟུན་ཡོདཔ་ད་ འབྲུག་མི་ཚུ་ ལེན་འབག་འོང་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༢ ལས་༢༩ གི་བར་ན་ འབྲུག་གི་མཁའ་འགྲུལ་དང་ བཀྲིས་མཁའ་འགྲུལ་ལན་ཐེངས་༡༠ དེ་ཅིག་ འཕུར་འགྲུལ་འབད་བའི་སྐབས་ ཕྱིའི་རྒྱལ་ཁབ་༨ ལས་ འབྲུག་མི་བསྡོམས་༩༧༩ དེ་ཅིག་ འབག་འོང་ནུག།
དེ་ཡང་ ཌུ་བའེ་ལས་ མི་༢༣༣ དང་ ཀ་ཊཪ་ལས་༡༡༠ ཀུ་ཝེཊ་ལས་༣༩༠ བེང་ཀོ་ལས་༤༥ དེ་ལས་ ནེ་པཱལ་ལས་༡༢ དང་ རྒྱ་གར་ལས་༢༥༠ དེ་ཅིག་ རྒྱལ་ཁབ་ནང་ ལོག་འོང་ནུག།
སྤྱི་ཟླ་༣ པའི་ཚེས་༢༥ ལུ་ ཡུ་ཀེ་ལས་ ལོག་འོང་མི་ སློབ་ཕྲུག་༡ ལུ་ ནད་འབུབ་ཐོབ་མི་དེ་ འབྲུག་མི་དང་པ་ཨིནམ་ད་ ནདཔ་༢ པ་བདའ་ཟུན་མི་ འབྲུགཔ་དེ་ཡང་ ནིའུ་ཡོག་ལས་ འོང་མི་ཨིན་པས།
སྤྱི་ཟླ་༣ པའི་ནང་ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་༤ དང་ སྤྱི་ཟླ་༤ པའི་ནང་ མི་༧ བདའ་ཟུན་ཡོདཔ་ལས་ ད་རེས་ འབྲུག་ལུ་ ནད་འབུབ་ཐོབ་མིའི་གྱངས་ཁ་༤༣ ལུ་ ལྷོད་ཡོད་མིའི་གྲས་ལས་༦ དྲག་ཡོདཔ་མ་ཚད་ ནདཔ་༡༤ ལུ་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རྐྱང་གནས་ཟུར་བཞག་ནད་ཁང་ལས་ སྤོ་བཤུད་འབད་དེ་ ཟུར་བཞག་ཁང་ནང་ བཞག་སྟེ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

སློབ་དཔོན་ཚུ་གིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ འགྲུལ་འཕྲིན་གྱི་ རྒྱབ་སྐྱོར་པ་འཚོལ་ཡོདཔ།

༉ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ནི་ལས་ལྷག་པའི་ འགན་ཁུར་གཞན་ཡང་ འབག་དོ་ཡོདཔ་ཨིན་པས། དེ་ཡང་ ཕུན་ཚོགས་གླིང་བསོད་ནམས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་༢ ཀྱིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ རྒྱབ་སྐྱོར་འབད་མི་ལས་ གསལ་སྟོན་འབདཝ་ཨིན་པས། སློབ་ཕྲུག་ལ་ལོ་ཅིག་ལུ་ ཡོངས་འབྲེལ་ཐོག་ལས་ …

Leave a Reply

Your email address will not be published. Required fields are marked *