འདས་པའི་ཉམས་མྱོང་ལས་ དྲན་པ་ཐེབས་ཐོབ་ཡོད་པའི་མངོན་གསལ།

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཤག་བཅོས་ཁང་མིག་ནང་ ལཱ་འབད་མི་ འཕྲུལ་ལསཔ་ཅིག་གིས་ བྱ་ངན་འཐབ་པའི་ཤུལ་ལས་ གསོ་བའི་ལྷན་ཁག་གིས་ མི་མང་གི་ ཉེན་སྲུང་དང་འབྲེལ་བའི་ ཐབས་ལམ་ཚུ་བཏོན་ནི་ འགོ་བཙུགས་མི་དེ་ ད་ལས་ཕར་ འདི་བཟུམ་མའི་ བྱུང་རྐྱེན་ངན་པ་ཚུ་ སྔོན་འགོག་འབད་ཐབས་ལུ་ཨིན་མས།

མ་གཞི་ གསོ་བའི་ལས་བྱེདཔ་ཡོངས་ཀྱིས་ གནས་དགོ་པའི་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་དང་ གཞི་བཀོད་བཟོ་ནི་ཨིན་ཟེར་ ལྷན་ཁག་གི་ ཁ་ཐུག་ལས་ ཁས་ལེན་འབད་མི་དེ་ བླམ་བྱོན་ཚརཝ་ད་བསངས་བཏང་། །དོམ་རྒྱབ་ཐལཝ་ད་དཔའ་རྟགས་འབལ། ། ཟེར་ སླབ་སྲོལ་ཡོདཔ་བཟུམ་ཅིག་ཨིན་རུང་ འདས་པའི་ཉམས་མྱོང་ལས་ དྲན་པ་ཐེབས་ཐོབ་མི་ལུ་བརྟེན་ མ་འོངས་པ་ལུ་ ད་ལྟོ་བཟུམ་མའི་ རྣམ་རྟོག་ལང་སི་སི་དང་ ངོ་ཚ་སི་སི་གི་ བྱ་ངན་ཚུ་ འཐོན་ནི་མེདཔ་དང་ འབྱུང་མི་བཅུག་ནི་གི་ གྲ་སྒྲིག་འབད་མི་དེ་ ལེགས་ཤོམ་ཅིག་ཨིན་མས།

འདི་འབདཝ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ གསོ་བའི་ལྷན་ཁག་གིས་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་དང་ གཞི་བཀོད་ཚུ་ ཧེ་མ་ལས་ གྲ་སྒྲིག་འབད་དེ་ བསྟར་སྤྱོད་འབད་ཡོད་པ་ཅིན་ སྐྱེས་ལོ་༣༠ ལང་མི་ འཕྲུལ་ལསཔ་དེ་གིས་ སྤྱི་ཟླ་༤ པའི་ཚེས་༥ གི་ནུབ་མོར་ སྐྱེས་ལོ་༢༨ ལང་མི་ ནད་གཡོགཔ་ཨམ་སྲུ་དེ་ལུ་ དྲན་ཉམས་སྨན་ཆུ་ཕེན་ཊ་ནེལ་གྱི་ ཁབ་བཙུགས་ཏེ་ དབང་བཙོང་འདོད་སྤྱོད་མ་འབདཝ་འོང་ཟེར་ ལོ་རྒྱུས་ཡང་ བཤད་མི་འདུག།

དེ་གི་ནང་དོན་ཉིད་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨར་རྐུན་དང་ དམར་བསད་ དེ་ལས་ དབང་བཙོང་འདོད་སྤྱོད་ལ་སོགས་པའི་ བྱ་ངན་ལེ་ཤ་བྱུང་ཡོད་རུང་ སྤྱིར་བཏང་མི་མང་གི་ ཉེན་སྲུང་ལུ་དམིགས་ཏེ་ པར་ཆས་སི་སི་ཊི་བི་ཚུ་ གཞི་བཙུགས་འབད་ཡོདཔ་མ་གཏོགས་ གསོ་བའི་ལས་གཡོགཔ་ཚུ་གིས་ ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ གསོ་བའི་ཞབས་ཏོག་བསྒྲུབ་ནི་གི་ བྱ་བའི་གནད་སྤྱོད་ཚུལ་ལྡན་ཅིག་མེད་མི་དེ་ ཧ་ལས་སི་སི་དང་ སེམས་ཕམ་སི་སི་ཨིན་མས།

ད་རེས་སྨན་ཁང་ནང་ འཐུས་ཤོར་སྦོམ་བྱུང་མི་དེ་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ངོས་ལེན་འབད་དེ་ བྱ་ངན་འཐབ་མི་དེ་ ཁྲིམས་ཀྱི་བྱ་རིམ་ མཇུག་མ་བསྡུ་ཚུན་ཚོད་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་ཡོདཔ་མ་ཚད་ མི་མང་གི་གདོང་ཁར་ བརྙས་བཅོས་དང་ དམའ་འབེབས་འབད་ཡོད་རུང་ ད་ཚུན་གྱི་བར་ན་ ལག་ལེན་གྱི་ བྱ་བའི་གནད་སྤྱོད་མ་བཟོ་བར་བཞག་མི་ འབྲེལ་བ་ཅན་ཚུ་ལུ་ཡང་ འགན་འཁྲི་བཀལ་ནི་དེ་ཡང་གལ་ཆེ།

འཕྲུལ་ལསཔ་གི་ བྱ་ངན་ལུ་བརྟེན་ གསོ་བའི་བཟའ་ཚང་ཚུ་ལུ་རྐྱངམ་གཅིག་མེན་པར་ འབྲུག་པའི་མི་སེར་ཡོངས་ལུ་ ཁོང་ཁྲོ་ལང་ཡོདཔ་མ་ཚད་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ བྱ་ངན་དེ་ མི་མང་ལས་ བློ་གཏད་ཡིད་ཆེས་དང་ ནདཔ་ཚུ་སྨན་བཅོས་འབད་སའི་ ས་གོ་ནང་ བྱུང་ནི་དེ་གིས་ཨིན་མས།

ཨིན་རུང་ གསོ་བའི་ལྷན་ཁག་གི་ ཁ་ཐུག་ལས་ ད་ལས་ཕར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ གསོ་བའི་སྨན་ཁང་ཚུ་ནང་ ཉེན་སྲུང་ཡོདཔ་ ངེས་བརྟན་བཟོ་ནི་གི་ ཁས་ལེན་འབད་མི་དེ་གིས་ ང་བཅས་ལུ་ བློ་བདེ་བའི་ གཞི་གནད་ཅིག་ལུ་གྱུར་ཡོད།

འདི་འབདཝ་ལས་ གསོ་བའི་ལྷན་ཁག་གིས་ ཉེན་སྲུང་གི་ ཐབས་ལམ་བཏོན་ནི་དེ་ ཕྱིས་སོ་རུང་ ད་ལྟོ་ གྲ་སྒྲིག་འབད་ནི་ འགོ་བཙུགས་མི་དེ་ལུ་ ལེགས་བསྟོད་འབད་ནི་དེ་ཡང་གལ་ཆེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *